ཕེང་ཆིང་ཧྭས་འགོ་ཚུགས་ཚོགས་ཆེན་གཙོ་སྐྱོང་གནང་བས་མ་ཚད་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་།
ཧོང་ཆང་གིས་སྲིད་གཞུང་ལས་དོན་སྙན་སེང་ཞུས།
སྤྱི་ཟླ་དང་པོའི་ཚེས18ཉིན། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཁྲེང་ཏུའུ་རུ་འཚོག་འགོ་ཚུགས།
སྤྱི་ཟླ་དང་པོའི་ཚེས18ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཁྲེང་ཏུའུ་རུ་འཚོག་འགོ་ཚུགས་ཤིང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་འཐབ་ཕྱོགས་ཁག་ནས་ཡོང་བའི་འཐུས་མི་རྣམས་ལྷན་དུ་འཛོམས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབས་ཤིང་། དུས་རབས་གསར་པའི་སི་ཁྲོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་བར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།
ཚོགས་ཆེན་དུ་ཞུགས་དགོས་པའི་འཐུས་མི888ཡིན་པ་དང་དངོས་སུ་ཞུགས་པའི་འཐུས་མི818ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཕེང་ཆིང་ཧྭ་ཡིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཝང་ཉིང་དང་། ཝང་དབྱི་ཧུང་། ཁྲེན་ཝུན་ཧྭ། ཡེ་ཀྲོང་། དབྱང་ཧུང་པོའོ། པའོ་ཧུའེ། ཕེང་ལིན། སུང་ཁྲའོ་ཧྭ། ཝང་ཧྥེ། ཅ་རུའེ་ཡུན་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཞིང་དཔོན་ཧོང་ཆང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལས་དོན་སྙན་སེང་གནང་བ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་ཐེན་ཞང་ལི་སོགས་ཚོགས་ཆེན་ལ་ཞུགས་པར་མ་ཟད།ཀྲུའུ་ཞི་སྡིངས་ཆ་རུ་བཞུགས་ཡོད།
ཆུ་ཚོད8དང་སྐར་མ30ཡི་ཐོག་ཕེང་ཆིང་ཧྭ་ཡིས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།
ཧོང་ཆང་གི་སྙན་སེང་ཁག་གསུམ་ལས་གྲུབ་པ་སྟེ། 2021ལོའི་ལས་དོན་ལ་ཕྱི་མིག་ལྟ་བ་དང་། 2022ལོའི་ལས་དོན་གཙོ་བོ། སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།
ཧོང་ཆང་གིས་འདས་མ་ཐག་པའི2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བའི་ལོ་ཡིན་ཞིང་། ཏང་ཀྲུང་དབྱང་གིས་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ནས་ང་ཚོར་ཡིད་ཆེས་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་དུས་རབས་གསར་པར་ལྕག་སྐུལ་གནང་ཡོད། ལོ་འདིར་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཕྱི་རོལ་ཁོར་ཡུག་དང་རིམས་ནད་ཀྱི་གནོད་སྐྱོན་ཕོག་པའི་ཤུགས་རྐྱེན་ལ་དམིགས་ནས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་ཤིང་། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ཏན་ཏིག་ངང་བསྒྲུབས་པ་དང་།“ཞིང་ལས་བརྟན་པོ་དང་། བཟོ་ལས་སྟོབས་ལྡན། འཛད་སྤྱོད་ལ་སྐུལ་འདེད། ནང་མཁོ་རྒྱ་སྐྱེད། རྣམ་གྲངས་དམ་འཛིན། གསར་གཏོད་ལ་མཐོང་ཆེན། འཁོར་སྐྱོད་ཉེན་མེད། སྤུས་ཚད་མཐོར་གཏོང”སོགས་ཀྱི་ལས་ཀའི་བསམ་ཕྱོགས་ལྟར་དཀའ་སྤྱད་སྙིང་རུས་དང་། འབད་བརྩོན་དངོས་སྒྲུབ། དཔལ་འབྱོར་འཕེལ་རྒྱས་བརྟན་པོ་དང་སྤུས་ཚད་མཐོར་གཏོང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་པོ་བཅས་རྒྱུན་འཁྱོངས་བྱས་ནས་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལེགས་པར་བསྒྲུབས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་འགོ་ཡག་པོ་འཛུགས་རྒྱུ་མངོན་འགྱུར་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི5.38ལ་ཟིན་ནས་བརྒྱ་ཆ8.2འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར4773.3ཡིན་པས་བརྒྱ་ཆ12འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སོ་སོར་བརྒྱ་ཆ8.3དང་བརྒྱ་ཆ10.3འཕར་ཡོད།
(པར་ངོས་གཉིས་པར་གཟིགས)