( པར་ངོས་དང་པོར་མཐུད།)
ཧོང་ཆང་གིས་ལོ་གཅིག་རིང་གི་ལས་ཀར་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་བ་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་བས་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕན་འབྲས་ཐོན་པ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ཆགས་པ། ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་བཏང་ནས་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་བརྟན་པོའི་རང་བཞིན་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ། ནུས་ལྡན་གྱི་དགོས་མཁོ་རྒྱ་ཆེར་ཧུར་ཐག་བཏང་སྟེ་དཔལ་འབྱོར་གྱི་གཞི་རྩ་སྔར་བས་བརྟན་དུ་གཏོང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲོམ་རའི་གྲུབ་ཆ་གཙོ་བོའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་ཡུལ་སྡེ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་ཏེ་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བའི་མགོ་ཡག་པོ་འཛུགས་པ། སྐྱེ་ཁམས་སྔོན་ལ་འབྱུང་འཕྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བ། ཉེན་ཁ་ཆེན་པོར་དོགས་ཟོན་དང་ཁ་གཏད་འཇལ་རྒྱུ་ནུས་ལྡན་བྱས་ནས་ཉེན་མེད་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བ། རྒྱུན་མཐུད་ངང་དམངས་འཚོར་ཕན་པ་དང་བདེ་སྐྱིད་ཆེ་རུ་བཏང་བས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ཞིང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བའི་འབྲས་བུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འབྲས་བུ། ཞིང་ཨུའི་སྤྱི་འདོམས་སྐུལ་འདེད་ཀྱི་འབྲས་བུ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་འབད་འབུངས་ཧུར་བརྩོན་བྱས་པའི་འབྲས་བུ། སི་ཁྲོན་དུ་བཅའ་སྡོད་ཀྱི་ཀྲུང་དབྱང་སྡེ་ཚན་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་རེད།
ད་ལོར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་པར་དགའ་སྤྲོ་འཕེལ་བའི་ངང་བསུ་མ་ཞུ་རྒྱུ་ཡིན་པས། སྲིད་གཞུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད། ཧོང་ཆང་གིས་ད་ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྤྱི་ཡོངས་ཀྱི་བླང་བྱ་བཏོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་། དེ་བཞིན་དུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་བཅས་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ཤིང་། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་ཤུགས་ཆེ་རུ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱི་ཡོངས་ཀྱི་དགོངས་གཞི་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་འཕྱུགས་མེད། ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་གནས་བབ་གསར་པར་མཉམ་འདྲེས་དང་ཞབས་ཕྱི་ཧུར་ཐག་བསྒྲུབས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས།བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་ཤིང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ཇེ་མགྱོགས་བྱས་ནས“གཞི་གཅིག་སྣེ་མང་།ས་ཁུལ་ལྔ་མཐུན་སྦྱོར”དང་།“ཕྱོགས་བཞིར་རྒྱ་སྐྱེད།ས་ཁོངས་ཡོངས་སྒོ་འབྱེད”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཤིང་། རིམས་ནད་འགོག་ཟོན།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། །འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས“བརྟན་པོ་དྲུག”དང“འགན་སྲུང་དྲུག”གི་ལས་དོན་མུ་མཐུད་ནས་ཡག་པོར་བསྒྲུབས་ཏེ་དམངས་འཚོ་རྒྱུན་མཐུད་དུ་ལེགས་བཅོས་དང་དཔལ་འབྱོར་ཚུལ་མཐུན་ངང་འཕར་སྣོན་ཡོང་རྒྱུ་མཐའ་འཁྱོངས་པར་བརྟེན། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་གི་རྣམ་པ་སྲུང་འཛིན་བྱས་ཏེ་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་རྒྱས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་བརྒྱབ་ནས།ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་ཞུ་དགོས།
འགྲན་སློང་གལ་ཆེན་ལ་ཁ་གཏད་འཇལ་བ་དང་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་དང་འཕྲོད་པ། ཚོང་རའི་སྔོན་ཚོད་ཀྱི་དཔྱད་འཇོག་ལ་གཞིགས་ནས་སྙན་སེང་ནང་ད་ལོ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བཏོན་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ6.5ཡས་མས་འཕར་རྒྱུ་དང་།སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་འཇོག་བྱེད་ཚད་བརྒྱ་ཆ8འཕར་རྒྱུ།སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་སིལ་ཚོང་གི་བསྡོམས་འབོར་བརྒྱ་ཆ8འཕར་རྒྱུ།ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མཐོ་བ།ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་དང་རྩ་བའི་ཆ་ནས་གཅིག་མཚུངས་བཅས་རེད། གཞིས་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་བརྟན་པོ་འཕར་རྒྱུ་དང་།གཞིས་མིའི་འཛད་སྤྱོད་རིན་གོང་གི་བསྡུར་གྲངས103ཡས་མས་སུ་ཚོད་འཛིན་ཐུབ་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་ཁྲི85ལ་ཟིན་རྒྱུ།འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར710ཡན་ཆད་བརྟན་པོ་བྱུང་བ།ནུས་རྒྱུ་ཟད་གྲོན་བྱེད་ཚད་ཀྱི་དམིགས་འབེན་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པ”འཆར་འགོད་དུས་བཀག་ནང་སྤྱི་འདོམས་ཞིབ་དཔྱད་བྱས་ནས་རྒྱལ་ཁབ་ཀྱིས་གཤམ་སྤྲོད་བྱས་པའི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་ལས་འགན་ལེགས་སུ་འགྲུབ་པ་བྱ་དགོས།
ཧོང་ཆང་གིས་ད་ལོའི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་ན། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་སྣོན་བརྟན་དུ་གཏང་རྒྱུ་དང་ཐཱན་གཉིས་འཐབ་ཇུས་གོ་རིམ་ལྡན་པའི་ངང་ནས་ལག་བསྟར་བྱེད་པ།དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་དུ་ཇེ་དྲག་ཏུ་གཏོང་བ།བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ་བཅས་གཙོ་གནད་བཞིར་བློ་གདེང་ཡག་པོ་བྱས་ཏེ་ཕྱོགས་བཅུའི་ཐད་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱ་དགོས་པ་སྟེ།ཁྱོན་ཡོངས་ནས་མགྱོགས་མྱུར་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏང་དགོས། གསར་གཏོད་སྒུལ་ཤུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏང་དགོས། ནུས་ཤུགས་ཡོད་རྒུས་ཐོན་ལས་འབྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་གི་མཉེན་ཤུགས་དང་ཁྱད་འཕགས་ཇེ་དྲག་ཏུ་གཏང་དགོས། ནང་མཁོ་རྒྱ་བསྐྱེད་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་རྒྱུན་མཐུད་དུ་གཏིང་ཟབ་གཏང་དགོས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏང་དགོས། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། ཕན་ནུས་ལྡན་པའི་སྒོ་ནས་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བྱ་དགོས། དམངས་འཚོའི་གཙོ་གནད་ཁྱབ་ཁོངས་སུ་ཞན་ཆ་མེད་པ་བྱས་ནས་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏང་དགོས།
རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་པ་དང་རྒྱུགས་སྤྲོད་པའི་ལམ་བུ་གསར་པའི་ཐོག་ཡག་པོ་བསྐྱོད་རྒྱུ་དེས་སྲིད་གཞུང་གི་ལས་དོན་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། ཧོང་ཆང་གིས་སྲིད་གཞུང་རིམ་པ་ཁག་གིས་ཏང་གི་ཁྱོན་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་བྱས་ནས“གཏན་འཁེལ་གཉིས་”ལ་མཐའ་གཅིག་ཏུ་བརྩི་བཀུར་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས།ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་བ།དཔལ་འབྱོར་ལས་དོན་དམ་འཛིན་བྱེད་ནུས་ཆེ་རུ་གཏོང་བ།སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྱོང་དང་སྤྱོད་ཚུལ་གྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བའི་ལམ་ལུགས་དང་ལམ་སྲོལ་འཛུགས་པ།བློ་དཀར་སེམས་དཀར་དང་སྤྱོད་པ་གཙང་བ།འགན་འཁུར་ཕོད་པ་བཅས་བྱས་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྲིད་གཞུང་འཛུགས་སྐྱོང་ཧུར་ཐག་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།
རྟིང་མར་ཧོང་ཆང་གིས་གསུངས་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་དང་།ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ།དཀའ་ངལ་དང་འགྲན་སློང་ལ་དཔའ་ངར་ཆེན་པོས་ཐད་ཀར་ཁ་གཏད་གཅོག་པ། དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཡུལ་ལས་འགན་ལེགས་འགྲུབ་མཐའ་གཅིག་ཏུ་བྱས་ནས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སི་ཁྲོན་ཡོངས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཆེད་འབད་འཐབ་ཧུར་ཐག་བྱ་དགོས།
ཚོགས་འདུའི་གྲོས་རིམ་ལྟར། འགོ་ཚུགས་ཚོགས་འདུའི་ཐོག་ད་དུང་སི་ཁྲོན་ཞིང་ཆེན་གྱི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། 2022ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་སེང་།སི་ཁྲོན་ཞིང་ཆེན་གྱི2021ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་དེ་བཞིན་2022ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སེང་བཅས་ལ་ཞིབ་བཤེར་བྱས་པ་རེད།
ཀྲུའུ་ཞི་ཚོགས་པའི་ནང་མེད་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་སི་ཁྲོན་དུ་བཅའ་སྡོད་དཔུང་སྡེའི་འགོ་ཁྲིད་བློ་མཐུན་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད། སི་ཁྲོན་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁག་ཅིག་དང་།ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་བཞིན་པའི་སྲིད་གྲོས་ཨུ་ཡོན།སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་ཁྲུང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དོན་གཅོད་ཁང་གི་འགན་འཁུར་བ་གཙོ་བོ་སོགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།།
( ཡེ་མགོན་དང་ནོར་བུས་བསྒྱུར།)