དགུང་གི་མཚམས་སྤྲིན་མཆེད་པའི་དབེན་པའི་རི་སུལ།།
སྨུག་པའི་རླངས་པ་འཐུལ་བའི་འཁོར་བའི་རི་ཀླུང་།།
མི་ཚེའི་གྲུ་གཟིངས་སྒུལ་བའི་མཚོ་ཡི་རྦ་རླབས།།
བདེ་བའི་བདེ་བ་བསྔལ་བའི་མདང་གི་རྨི་ལམ།།
མཚན་གྱི་སྦྲ་གུར་ནང་གི་ཆར་བའི་ཤག་སྒྲ།།
གཟུགས་མེད་ལས་ཀྱིས་སྤུར་བའི་རླུང་གི་མེ་ཏོག།
དབུགས་ཀྱི་འཕར་ལྡིང་མཉན་པའི་གློག་གི་འོད་མདངས།།
མིག་གི་སྐྱིབས་ལ་འབབ་པའི་སྐར་མའི་སྤྱན་ཆབ།།
སེམས་ཀྱི་སྒྲོག་གུ་འཁྲོལ་བའི་ཟླ་བའི་གཟུགས་བརྙན།།
ཡིད་ཀྱི་དྲན་པ་བརྐུས་པའི་འཁོར་བའི་རྟ་ཕོ།།
ལོ་ཟླའི་ཉིན་སྲིབ་བར་གྱི་སྲིད་པའི་མགུར་གླུ།།
གདུང་བའི་མཆི་མ་འཁྲུགས་པའི་སྐྱོ་བའི་ངུ་སྒྲ།།
ལས་ཀྱི་སྡུག་བསྔལ་གསལ་བའི་འོད་ཀྱི་མེ་ལོང་།།
སྙན་པའི་ངག་ལ་འདྲེན་པའི་རྨ་བྱའི་གསང་གཏམ།།
འོ་མའི་མདངས་སུ་འཁྱིལ་བའི་བརྩེ་བའི་ཁ་མདོག།
ཚོན་གྱི་རི་མོ་བཀྲ་བའི་གཞོན་པའི་ལང་ཚོ།།
མུན་པའི་གདོང་ལ་གབ་པའི་འུག་པའི་རྣམ་ཤེས།།
སྨག་གི་གཏིང་དུ་ཟུག་པའི་ཚེ་ཡི་ལན་ཆགས།།
མིག་གི་མཐའ་ལ་ལྷུང་བའི་ཡིད་ཀྱི་ཆུ་ཐིགས།།
དགུན་གྱི་གྲང་ངར་འཚོལ་བའི་ལས་ཀྱི་རྣམ་སྨིན།།
འཁོར་བའི་མགུར་གླུ།
ན་ཆུང་རྩེད་རོགས་དྲན་པའི་ཁྲུང་ཁྲུང་གི་དུང་སེམས།།
འདུ་འཛོམས་ལས་ལ་བཏབ་པའི་བརྩེ་བ་ཡི་ཁ་ཆད།།
ནེའུ་གསིང་ཚལ་དུ་སྨིན་པའི་འདབ་དྲུག་གི་མེ་ཏོག།
མེ་ཏོག་དབུས་ལ་ཆགས་པའི་སྦྲང་ཆུང་གི་མགུར་ཡིན།།
ཡིད་ངོར་ལྷང་ངེ་གསལ་བའི་ཆུང་འདྲིས་ཀྱི་ཞལ་རས།།
མ་མཐོང་ལོ་ཟླ་སོང་བའི་དྲན་གདུང་གི་རྨ་ཁ།།
རི་བོའི་གཏོས་ལས་ལྕི་བའི་ན་ཟུག་གི་སྡུག་བསྔལ།།
མིག་ཆུ་མཚོ་མོར་སྐྱིལ་བའི་ཞེ་སྡུག་གི་མགུར་ཡིན།།
ནམ་འཆི་ངེས་པ་མེད་པའི་ཆོས་ཉིད་ཀྱི་གསང་རྣམ།།
སེམས་ཀྱིས་ལྡོག་ཏུ་མེད་པས་སྨེང་བ་ཡི་ཆུ་ཕྲན།།
འདུ་འབྲལ་སྨུག་ཀློང་ཁྲོད་ཀྱི་ཟམ་ཆེན་གྱི་སྣེ་མོར།།
ཤག་ཤག་དལ་དུ་བཞུར་བ་གྱེས་བྲལ་གྱི་མགུར་ཡིན།།
འདུ་འཛོམས་དུས་ཀྱིས་བསྐལ་བའི་ལོ་ཟླ་འདིར་བསམ་ན།།
སྙིང་ཁའི་འཕར་ལྡིང་འདི་ཡང་སྐད་ཅིག་ལས་མྱུར་ཞིང་།།
རེས་འཛོམས་སྟོང་པ་ཡིན་པའི་རྨི་ལམ་གྱི་སྒེའུ་ཁུང་།།
ལས་དབང་ཐུག་ཕྲད་དབེན་པའི་བརྩེ་དུངས་ཀྱི་མགུར་ཡིན།།
སྤྲིན་དཀར་ཕྲེང་དུ་བསྟར་བའི་རི་ལུང་གི་རྒྱབ་ན།།
མཛེས་སྡུག་ཚོན་གྱིས་འཚོ་བའི་ཡིད་འོང་གི་ཆུང་འདྲིས།།
སྒེག་པའི་མེ་ཏོག་ལྟར་གྱི་འཇམ་མཉེན་གྱི་ཕུང་པོ།།
བདག་གི་དཔྲལ་བ་ཁེན་སའི་རྨི་ལམ་གྱི་མགུར་ཡིན།།
༼ ནམ་ཤེས། ༽