སྒྱུ་འཕྲུལ་ལྷ་མོའི་རྣམ་སྤྲུལ་གར་རྩེན་མ།།
རྟག་འཛུམ་གཤིས་བཟང་ལྷད་མེད་གུ་ཡངས་མ།།
པི་ཝང་འཛིན་པའི་དབྱངས་ཅན་སྲས་མོ་མ།།
ཁྱེད་ལ་བསྟོད་ཕྱག་མི་བྱེད་རང་དབང་བྲལ།།
ཡིད་ཀྱི་ཐིག་ལེའི་དབུས་སུ་འཆར་ཞིང་འཆར།།
འཚོ་བའི་རོ་བཅུད་ལོངས་སུ་སྒེག་ཅིང་སྒེག།
བདག་སེམས་དབང་མེད་ཁྱེད་ཕྱོགས་བཞུད་ཅིང་བཞུད།།
ཚོར་བའི་གསང་བ་མི་འཆད་རང་དབང་བྲལ།།
དྲན་པའི་སྒྱུ་རྩལ་ཡལ་མེད་གསལ་དུ་བཀྲ།།
རུས་ཀྱི་གཏམ་དེ་མི་ཁའི་ཀློང་དུ་ཤོར།།
འཛེམ་མེད་ཟིང་ཁྲའི་འཁོར་བའི་བུམ་པ་ན།།
ཁྱེད་སྐུ་བསྒོམ་བྱ་མི་བྱེད་རང་དབང་བྲལ།།
མ་བསམས་ལས་ཀྱིས་སྤྲིངས་ནས་འཕྲིན་གྲོཊ་གྱུར།།
ཁྱེད་བདེ་ང་བདེ་ཞེས་པའི་འཕྲིན་ཡིག་བསྐུར།།
ཡུལ་གྱི་ཁམས་དང་འཚོ་བའི་བདེ་སྡུག་སོགས།།
གླེང་བ་བརྗོད་རེས་བྱས་ཏེ་ངོ་ཤེས་གྱུར།།
འགྲིམ་པའི་སློབ་གླིང་སྦྱངས་པའི་རིག་གཞུང་དག།
ལྟ་བ་མཐུན་མིན་བསམ་བློ་བརྗེ་རེས་དང་།།
ཇི་ཙམ་དཔྱད་ན་དེ་ལས་བློ་ཤེས་ཐོབ།།
ཁྱེད་ཀྱིས་དགེ་མཚན་རྟོགས་པ་ཐོག་མ་ཡིན།།
ཡུལ་དང་བར་ཐག་ཇི་ལྟར་རིང་ན་ཡང་།།
སེམས་དང་བསམ་པ་འབྲལ་མེད་ཁྱེད་ལ་འཁྲེངས།།
ཁྱེད་ཉིད་འཚོ་བའི་བརྗོད་གཞིར་གྱུར་ན་སྙམ།།
བདག་སེམས་ཁྱེད་ལ་འབྱར་བ་ཐོག་མ་ཡིན།།
མི་སེམས་མི་ཡིས་ཡིད་ཆེས་བྱེད་པ་དང་།།
རང་སེམས་རང་གིས་ཚོད་བཟུང་བྱ་བ་སོགས།།
འཁོར་བའི་ཆོས་ཉིད་ཡིན་ཤག་བདེན་དཔང་གྱིས།།
འདེ་ནི་ཁྱེད་ལ་དུང་བའི་དན་གཏམ་ཡིན།།
འཇིག་རྟེན་འཁོར་བ་ཞོགས་པའི་རྩྭ་ཟིལ་ལ།།
ངེས་མེད་ཟག་བཅས་ཉེར་ཕུང་མི་རྟག་པ།།
དེ་རིང་ཡོད་ཀྱང་རྟག་གནས་སུ་ཡིས་རྟོགས།།
རང་ལུས་རང་གིས་བདག་སྐྱོང་ལེགས་པ་བྱོས།།
འདས་ཟིན་ལོ་རྒྱུས་སྨྲ་བ་དབེན་ཡང་ཆོག།
མ་ཡིན་ཡིན་ཚུལ་མ་བརྗོད་རེ་བ་ལགས།།
སོ་སྐྱེས་སེམས་ཅན་ཚོད་བཟུང་མི་ནུས་བས།།
ཁྱེད་སེམས་བདག་ལ་མཚོན་ན་ལྐོག་གྱུར་རེད།།
རེ་བའི་མི་ཡིས་རེ་བ་ཁྱེར་ཏེ་བགྲོད།།
འཁོར་བའི་མྱི་ཡིས་ཕལ་པ་བསམས་ཏེ་ཞེན།།
སྒྲུབ་པས་ཐར་པ་འདོད་དེ་དགེ་ཕྱོགས་འབད།།
ངའི་སེམས་ཁྱེད་ཉིད་སིམ་པ་ཧ་ལས་ཅི།།
སྨ་རས་བརྗོད་པའི་ཡིད་ཀྱི་གསང་བ་དེ།།
ཧེ་བག་མ་མཆིས་སྙིང་གི་གསལ་ལེར་མ།།
ནོང་བ་ཅི་ཡོད་ཐད་ཀར་སྨྲ་ཞིག་གདའ།།
ཚོར་བའི་དབྱངས་རྟ་གྱ་མ་གྱེར་ན་ཆོག།
ཁྱེད་དང་འགྲོགས་ནས་ལོ་ཟླ་ཟད་ལ་མེད།།
ཞེ་དང་བསམ་པ་འབྲེལ་ནས་ཞག་གསུམ་ཙམ།།
འུ་གཉིས་བར་ན་བརྩེ་བའི་སྒྲུང་ཞིག་དཀོན།།
དར་སྐུད་མདུད་པ་དམ་པོ་བསྒྲེང་བར་སྨོན།།
དབྱངས་གསལ་སོ་བཞི་ཁྱེད་ཀྱི་ཆེད་སྦྱངས་རེད།།
ཚད་མ་རིང་ལུགས་ང་ཡི་ལྟ་བ་ཡིན།།
དབྱངས་གསལ་ཚད་མ་དོན་དམ་གནས་ལུཊ་རེད།།
མཐར་གཏུགས་དོན་དམ་བདེ་སྐྱིད་མཉམ་རོལ་བྱེད།།
འདས་ཟིན་དུས་ཚིཊ་རེ་ལ་དྲན་གསོ་རེ།།
བྱས་པའི་བྱ་བ་རེ་ལ་དགག་པ་རེ།།
བཀྲ་བའི་རྐང་རྗེས་རེ་ལ་མི་ཁ་རེ།།
དེ་ནི་འཇིག་རྟེན་འཁོར་བའི་རང་གཤིས་སོ།།
སྣུམ་པའི་དྲི་མ་རེ་ལ་ཞིམ་བཙོག་རེ།།
མྱོང་པའི་བྲོ་བ་རེ་ལ་མངར་སྐྱུར་རེ།།
རེག་པའི་ཚོར་བ་རེ་ལ་འཇམ་རྩུབ་རེ།།
ཁྱེད་ནི་ཞིམ་མངར་འཇམ་པའི་འཚོ་བ་འོ།།
བསྒུགས་པའི་རེ་འདུན་རེ་ལ་སྨོན་ལམ་རེ།།
བཅངས་པའི་རེ་བ་རེ་ལ་གྲུབ་འབྲས་རེ།།
དུང་བའི་ཞེན་ཆགས་རེ་ལ་དགའ་སྐྱོར་རེ།།
རེ་བའི་མི་ཡིས་རེ་བ་ཆགས་སྟངས་ལགས།།
དུས་ཀྱི་རྐྱེན་དང་ཁྲིམས་ཀྱི་རྐྱེན་ལ་སོགས།།
དེ་ཙམ་རེ་ཞིག་འཇོག་དགོས་བྱུང་སོང་བས།།
ཡུལ་གྱི་ཁམས་དང་འཚོ་བའི་བདེ་སྡུག་དག།
དཀའ་ཁག་བྱུང་ན་མ་གསང་ཐད་ཀར་ཤོད།།
རེ་བ་ཡོད་ཚད་བཅངས་ཏེ་ཤིས་ཚིག་བཏོན།།
སྨོན་ལམ་ཡོད་ཚད་བཏབ་སྟེ་ཤིས་ཚིག་བཏོན།།
ཤིས་ཚིག་མ་ལུས་ཁྱེད་ལ་ཕུལ་ན་ཐང་།།
བགེགས་དང་གནོད་རིགས་ཐམས་ཅད་ཚར་གཅོད་ཅིག།
ཡིད་ཀྱི་གསང་བ་ཕན་ཚུན་བརྗོད་རེས་དགོས།།
འཛོམས་བྲལ་དུས་ལ་དགའ་སྐྱོ་གླེང་རེས་དགོས།།
བསམ་བློའི་ལྟ་བ་འཆམ་པོ་མཐུན་རེས་དགོས།།
འཇིག་རྟེན་འདི་ན་འུ་གཉིས་ཁོ་ན་ཡིན།།
ཡིད་ཀྱི་རྣམ་ཤེས་བར་དོར་མ་འགྲིམས་བར།།
རྩ་རླུང་ཁྲག་གི་དབུགས་རིང་མ་ཆད་བར།།
ཁྱེད་རང་བརྗེད་པ་མི་སྲིད་མནའ་དང་ཚིག།
རྟག་ཏུ་ཡིད་ཆེས་གྱིས་ཤིག་སྙིང་གསོན་མ།།
༼ ལྡོམ་མྱི། ༽