03

རྟག་འཛིན་རི་བོའི་མགུལ་དུ་དཀྲིས་པའི་ཀ་ཕྲེང་། 2022年07月20日

ཀ་བ་བུམ་པ་ཆོས་ཅན་གྱི་དབུ་རྩོམ།།

ཁ་མཁས་གྲྭ་ཆུང་ངག་རྩལ་གྱི་ཁུད་ལ།།

ག་ཙམ་ཡིན་ཡང་སྦྱོར་ངག་ལ་དྲངས་ཏེ།།

ང་འཛིན་ཞེན་པ་ལྷག་མེད་དུ་གཏོར་སྲིད།།

ཅ་ཅོའི་སྨྲ་བ་རྒྱང་རིང་ལ་བོར་ནས།།

ཆ་ཡོད་ཚིག་ལ་སྡེབ་སྦྱོར་གྱིས་བརྒྱན་ཏེ།།

ཇ་རོ་ལྟ་བུའི་རྟག་འཛིན་གྱི་ཀླད་པ།།

ཉ་ཤ་ཇི་བཞིན་ལྷག་མེད་དུ་གསོལ་འདུག།

ཏ་ཀུར་ཁེན་པའི་བགྲེས་པོ་ཡི་དཔྲལ་བར།།

ཐ་སྙད་རྟག་འཛིན་ད་དུང་ཡང་འཚེར་ན།།

ད་ལྟ་ཉིད་ནས་རང་སེམས་ཀྱི་མེ་ལོང་།།

ན་གཟེར་ངང་ནས་བྱི་དོར་ཞིག་བྱ་རན།།

པ་ཏྲའི་རི་མོ་མིག་ནང་གི་ཕྲ་རྒྱན།།

ཕ་མ་རྟག་འཛིན་སེམས་ནང་གི་ཞེན་ཆགས།།

བ་ཡོད་སྨྲ་བ་ཡིད་ངོས་ཀྱི་བདག་འཛིན།།

མ་ལོ་གཅེས་འཛིན་འཇིག་རྟེན་གྱི་རྟག་ལྟ།།

ཙ་གེ་ཙིག་གི་བྱ་བཞག་གི་མདུད་སྣེ།།

ཚ་གི་ཚི་གི་སྣང་ཚོར་གྱི་མུན་པ།།

ཛ་ར་ཛོ་རེ་ལས་སྣང་གི་ཡོལ་བ།།

ཝ་ལེར་ཝུ་ལེར་འཆིང་རྒྱ་ལས་གྲོལ་མཛོད།།

ཞ་བོ་ལག་ཆག་རྣམ་སྨིན་གྱི་ཁྲག་རྣག།

ཟ་འདོད་གཡོ་བ་གྲོང་ནང་གི་འཚོ་བ།།

འ་འུར་སྤུར་བའི་སྒྱུ་མ་ཡི་འཇའ་སྐུད།།

ཡ་ངེ་ཡེ་ངེའི་དུས་ཚོད་འདི་རྟག་གམ།།

ར་མགོ་ས་སྦྱར་དོན་མེད་ཀྱི་འཆར་ཡན།།

ལ་ལུང་ནང་གི་ནམ་ཚོད་ཀྱི་མར་སྣེ།།

ཤ་ཟད་ལྤགས་ཟད་ལས་སྐལ་གྱི་ཡར་སྣེ།།

ས་གཞོང་ངོས་ཀྱི་རྡུལ་ཕྲན་ལས་མང་བ།།

ཧ་ཧ་འཇིག་རྟེན་རྟག་འཛིན་འདི་ཆེ་བ།།

ཧ་ཧ་དོན་མེད་བྱ་ལས་འདི་མང་བ།།

ཨ་ཨ་རང་གི་རྣམ་རྟོག་འདི་རྒོད་པ།།

ཨ་ཨ་སེམས་བྱུང་འགྱུ་བ་འདི་མང་འདུག །

༼ ཧུན • དུར་རོ། ༽