སྤྱི་ཟླ7པའི་ཚེས16ཉིན་ལ། ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞི་ལས་ལམ་ཐིག་ཧྲིལ་པོའི་ཕུག་ལམ་ཕུག་རིང་ཤོས་ཀྱི་ལི་ཡོན་ཕུག་ལམ་གྱི་གཡས་ཕུག་སྨི3000ལྷག་ཕུག་པ་དང་། དེ་ནས་གཞུང་ལམ་གྱི་ཕུག་ལམ་སྔོག་འདོན་བྱེད་ཚད་རིམ་རྩིས་བྱས་ན་སྨི60000ལས་བརྒལ་བ་དང་། ལས་གཞིའི་འཕེལ་རིམ་ཕྱེད་ཀ་ལྷག་ལ་ཟིན་ནས་འདི་ལོ་འཛུགས་སྐྲུན་ལས་གཞིའི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱ་ཆེད་གོམ་པ་ཆེན་པོ་ཞིག་སྤོས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིའི་སྤྱིའི་རིང་ཚད་སྤྱི་ལེ96.51ཡོད་ལ། ལས་གཞིའི་ཟམ་པ་དང་ཕུག་ལམ་གྱིས་བསྡུར་ཚད་བརྒྱ་ཆ86.5ཡིན་ཞིང་། དེའི་ནང་ཕུག་ལམ་གྱི་བསྡུར་ཚད་བརྒྱ་ཆ69ལ་ཟིན་ཡོད། དེ་ནི་ཞིང་ཆེན་ནང་ཁུལ་གྱི་ཟམ་ཕུག་བསྡུར་ཚད་ཆེ་ཤོས་སུ་གཏོགས་པའི་སྐྲུན་བཞིན་པའི་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་ཞིག་རེད།
ད་ལོའི་ལོ་སྟོད་བར་ལྕགས་ཟམ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར19.91བཏང་བ་དང་། ལས་འགོ་བཙུགས་པ་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར74.03བཏང་ཡོད། རགས་རྩིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར174.08གཏང་རྒྱུའི་བརྒྱ་ཆ42.5ལ་ཟིན་པ་དང་། རིམ་རྩིས་བྱས་ན་ལམ་ངོས་ཨར་ལས་བརྒྱ་ཆ37.8དང་། ཟམ་དུང་ཨར་ལས་བརྒྱ་ཆ35.4དང་། ཕུག་ལམ་ཨར་ལས་བརྒྱ་ཆ49.5བཅས་བསྐྲུན་ཚར་བ་རེད།།(བདེ་སྐྱིད་ཀྱིས་བྲིས།)