སྨན་དོན་མི་སྣས་སྨན་ལས་ལ་བྲེལ་བཞིན་པའི་ཚུལ།
《དཀར་མཛེས་ཁུལ་གྱི་རྐང་འཛིན་སྨན་པ་གསོ་སྐྱོང་འཆར་གཞི》ལས་རིམ་པ་མཐོ་བའི་མཁོ་ཆོད་སྨན་པ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཤེས་ལྡན་མི་སྣ་གཙོས་བྱས་ཤིང་། ནད་ཐོག་སྨན་བཅོས་ཐུབ་པའི་གཙོ་གནད་ཆེད་ལས་ཚན་ཁག་གི་སྨན་པས་འདེགས་སྐྱོར་བྱེད་པ། ནད་སྐྱོང་སྨན་རྩལ་དང་ལག་རྩལ་ཤེས་ལྡན་པས་རམ་འདེགས་སུ་བྱེད་པ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་རྐང་འཛིན་ཤེས་ལྡན་མི་སྣའི་གྲུབ་ཚུལ་ཞིག་ཧུར་ཐག་བཏོད་དེ་སྨན་པའི་ཀུན་སྤྱོད་ལེགས་པ་དང་། ལས་སྒོ་བྱང་ཆུབ་པ། བེད་སྤྱོད་ལེགས་པ། སྡོད་ཐུབ་པ་བཅས་ཀྱི་རྐང་འཛིན་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་བཏོན་ཡོད།
སྤྱི་ཟླ7པའི་ཚེས12ཉིན། ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས《དཀར་མཛེས་ཁུལ་གྱི་རྐང་འཛིན་སྨན་པ་གསོ་སྐྱོང་འཆར་གཞི(2022ལོ་ནས2026)》པར་འགྲེམས་བྱས། འཆར་གཞི་ནི་ལོ5ཡི་ནང་། གྲངས་འབོར་འོས་འཚམ་དང་། བྱང་ཚད་དང་ནུས་པ་ལེགས་པ། གྲུབ་ཚུལ་ལུགས་མཐུན་བཅས་ཡིན་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གཞི་རྩའི་ཆ་ནས་བསྐྲུན་ཏེ། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་སྤྱི་འབོར་གཞི་རྩའི་ཆ་ནས་དགོས་མཁོ་སྐོང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྐང་འཛིན་ཤེས་ལྡན་མི་སྣའི་དཔུང་ཁག་གཞི་རྩའི་ཆ་ནས་སྐྲུན་པ། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་སྐས་རིམ་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་བཅས་ཀྱི་འབྲེལ་ཡོད་དམིགས་འབེན་མངོན་འགྱུར་ཐུབ་པའི་ཐོག་ནས་དཀར་མཛེས་ཁུལ་གྱི་དོན་དངོས་དང་མཐུན་ཞིང་ལས་རིགས་ཀྱི་ཁྱད་ཆོས་དང་འཚམ་པའི་སྨན་བཅོས་འཕྲོད་བསྟེན་གྱི་རྐང་འཛིན་ཤེས་ལྡན་མི་སྣའི་གསོ་སྦྱོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་ཞིང་། བེད་སྤྱོད་ཀྱི་ལྕག་སྐུལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་འགྲོ་བ་བྱ་རྒྱུ་མཚོན་ཡོད།
འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྔོན་དུ་ཤེས་ལྡན་པ་མི་སྣ་གསོ་སྐྱོང་བྱ་དགོས། རང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་དཀོན་པ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་རྒྱུན་མཐོང་གི་ས་གནས་རང་བཞིན་གྱི་ནད་སོགས་མང་པོ་ཐོན་པའི་རང་ཁུལ་གྱི་གནས་ཚུལ་དངོས་ལ་དམིགས་ཏེ་རང་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་དང་ནད་ཐོག་སྨན་བཅོས། རྒྱ་ལུགས་དང་བོད་ལུགས་གསོ་རིག་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཐད་ཤུགས་རྒྱག་ས་དང་བྱེད་ཐབས་གསར་པ་གང་དག་ཡོད་པ་སོགས་གསར་དུ་ཐོན་པའི་འཆར་གཞི་དེའི་ནང་ཕྱོགས་ཡོངས་ནས་གསལ་བཤད་བྱས་ཡོད།
《འཆར་གཞིའི》ནང་ཁུལ་ཡོངས་ཀྱི་སྤྱིའི་དམིགས་འབེན་བཏོན་པར་ཕུད། ད་དུང་དམིགས་འབེན་དེའི་ཐད་དབྱེ་འབྱེད་ཞིབ་ཕྲ་བྱས་པ་སྟེ། 2026ལོར་བསླེབ་སྐབས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མི་སྣའི་བསྡོམས་འབོར་ཁྲི1ལས་བརྒལ་བ་དང་། ནང་རྒྱུན་སྡོད་མཁན་མི་འབོར་ཁྲི་གཅིག་ནང་མཁོ་ཆོད་སྨན་པ8ལ་ཟིན་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་བསྡོམས་འབོར་གཞི་རྩའི་ཆ་ནས་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་དང་། 2026ལོའི་ལོ་མཇུག་ཏུ་བསླེབ་སྐབས་ཁུལ་རིམ་པས་རྐང་འཛིན་སྨན་པ1000གསོ་སྦྱོང་དང་དཔྱད་འདེམས་བྱས་པའི་རྨང་གཞིའི་ཐོག་ཁུལ་རིམ་པའི་རིག་ཚན་སྣེ་ཁྲིད་པ300དང་། ཁུལ་རིམ་པའི་རིག་ཚན་གྱི་སྣེ་ཁྲིད་པ150དང་། གངས་དཀར་སྨན་པ་གྲགས་ཅན50བཅས་དཔྱད་འདེམས་བྱས་ནས་ཁུལ་ཡོངས་སུ་འཕྲོད་བསྟེན་ཁང་དང་སྨན་ཁང་ཚང་མར་སྨན་པ་རྐང་འཛིན་པ་ཡོད་པའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་གྱི་རྐང་འཛིན་ཤེས་ལྡན་མི་སྣའི་དཔུང་ཁག་གཞི་རྩའི་ཆ་ནས་བཙུགས་པ་དང་། 2026ལོར་བསླེབ་སྐབས། ཁུལ་དང་རྫོང(གྲོང་ཁྱེར)གིས་ན་གཞོན་དང་ན་གཞོན་རྩེར་སོན་ཤེས་ལྡན་པ500བདམས་ནས་མིང་བཏགས་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་སྐས་རིམ་མ་ལག་གཞི་རྩའི་ཆ་ནས་འགྲུབ་པ་བྱ་རྒྱུ།
《འཆར་གཞིའི》ནང་རང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་།དགོས་གཏུག་ཆེ་ཤོས་ཀྱི་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོའི་གནད་དོན་ནས་འགོ་འཛུགས་པ་དང་། གཞི་རིམ་གྱི་རྨང་གཞིར་བཟུང་ནས། གསོ་སྦྱོང་དང་གསོ་སྐྱོང་ལ་དོ་སྣང་བྱེད་ཅིང་། རྐང་འཛིན་གྱི་སྣེ་ཁྲིད་ལ་ཤུགས་རྒྱག་པ། དཔུང་ཁག་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པ་བཅས་ཀྱི་བསམ་ཕྱོགས་ལྟར། བྱེད་ཐབས་བླངས་ནས་གཞི་རིམ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བྱ་སྤྱོད་དང་། བྱང་ཚད་དང་ནུས་པ་མཐོར་འདེགས་ཀྱི་བྱ་སྤྱོད། རྐང་འཛིན་ཤེས་ལྡན་མི་སྣ་འདེམས་སྒྲུག་གི་བྱ་སྤྱོད་བཅས་དམ་འཛིན་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་སྨན་བཅོས་འཕྲོད་བསྟེན་ཆེད་ལས་ཤེས་ལྡན་མི་སྣ་དཀོན་པའི་ཞན་ཆ་གསབ་སྟེ་ནུས་ཤུགས་ཡོད་རྒུས་ཆེད་ལས་ཅན་དང་སྐས་རིམ་ལྟ་བུའི་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུས་རང་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་སྟེ་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ཐད་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བྱ་རྒྱུ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)