02

སེར་ཤུལ་རྫོང་རྟ་ཐོག་སྒྲོག་འགྲེལ་རུ་ཁག་གིས་དམངས་ཕན་སྲིད་ཇུས་སྒྲོག་ འགྲེལ་བྱས། 2022年08月01日

ད་སྐབས་རྫ་ཆུ་ཁའི་ཡངས་པའི་རྩྭ་ཐང་སྟེང་དུ་རྩྭ་ཆུ་འཛོམས་པའི་དུས་ལ་སླེབས་ཡོད། མཚོ་འཕགས་ཆ་སྙོམས་སྨི4500ཡོད་པའི་རྩྭ་ཐང་སྟེང་དུ་ནོར་ལུག་ཤ་ཤེད་རྒྱས་པ་དང་། འབྲོག་པ་མང་ཚོགས་ཀྱིས་རྩྭ་ཆུ་ལ་བརྟེན་ནས་ནོར་ལུག་དེད་དེ་རུ་བ་སྤོ་སྐྱོད་བྱེད་པ་དང་། རུ་བ་སྤོ་ཐེངས་རེ་ལ་ཟླ་བ་གསུམ་བཞི་ཙམ་གནས་སྡོད་བྱེད་བཞིན་ཡོད། རྟ་ཐོག་སྒྲོག་འགྲེལ་རུ་ཁག་ཅིག་ས་མཐོའི་འབྲོག་ཁུལ་དུ་བསྐྱོད་ནས་འབྲོག་པ་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་ཁག་དུས་ཐོག་ཏུ་སྒྲོག་འགྲེལ་བྱས་ཡོད་ཀྱང་། མཚོ་འཕགས་མཐོ་བའི་འབྲོག་ས་ལ་ལར་རླངས་འཁོར་མི་ཐར་བས། འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ནི་རྟ་ཡིན་ཞིང་། སྒྲོག་འགྲེལ་རུ་ཁག་རྟ་ལ་བཞོན་ནས་ཆུ་ཚོད་བཞི་ཙམ་ལ་བསྐྱོད་རྗེས་གཞི་ནས་སྒྲོག་འགྲེལ་བྱ་ཡུལ་གྱི་མཚོ་འཕགས་སྨི4800ཡི་སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་གྱི་འབྲོག་རར་སླེབས་ཐུབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རེའི་ཟླ་བ་བདུན་པ་ནས་བཟུང་། རྟ་ཐོག་སྒྲོག་འགྲེལ་རུ་ཁག་གིས་སྒྲོག་འགྲེལ་སློབ་ཁང་དེ་མཐོ་སྒང་འབྲོག་རར་སྤོ་བ་དང་། ཏང་གི་དམངས་ཕན་སྲིད་ཇུས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཤེས་བྱ། གློག་འཕྲིན་གྱི་ཁ་བསླུས་སྔོན་འགོག་དང་རིམས་ནད་འགོག་བཅོས་སོགས་ཀྱི་སྒྲོག་འགྲེལ་ལས་དོན་སྤེལ་གྱི་ཡོད། སྒྲོག་འགྲེལ་རུ་ཁག་གིས་མང་ཚོགས་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་སྲིག་ཇུས་ཡག་པོ་དང་སྙིང་ཉེ་བའི་ཞབས་ཞུ་ལས་མང་ཚོགས་ལ་དངོས་ཕན་ཐོབ་ཡོད། 2017ལོར་བཅའ་ཁྲིམས་ཁྲིམས་སྲོལ་ལ་གོ་རྟོགས་ཟབ་པ་དང་མང་ཚོགས་ལས་དོན་ལ་འཇོན་པའི་གུང་ཁྲན་ཏང་མིས་སེར་ཤུལ་རྫོང་རྟ་ཐོག་སྒྲོག་འགྲེལ་རུ་ཁག་དངོས་སུ་བཙུགས། རང་ཁུལ་ལ་མཚོན་ན་འདི་འདྲའི་རྟ་ཐོག་སྒྲོག་འགྲེལ་རུ་ཁག100ལྷག་ཙམ་དང་རུ་མི་ཆིག་སྟོང་ཙམ་ཡོད། ལོ་འདི་དག་རིང་སེར་ཤུལ་རྫོང་རྟ་ཐོག་སྒྲོག་འགྲེལ་རུ་མིས་རྟ་ལ་བཞོན་ནས་ས་མཐོའི་འབྲོག་རར་བསྐྱོད་དེ་ཏང་གི་དམངས་ཕན་སྲིད་ཇུས་ཁག་དུས་ཐོག་ཏུ་སྒྲོག་འགྲེལ་བྱས་པ་དང་། སེར་ཤུལ་རྫོང་གི་ཡུལ་ཤོག་དང་གྲོང་རྡལ21ལ་བསྐྱོད་དེ་ལོ་རེར་ལམ་ཐག་སྤྱི་ལེ་ཁྲི2.5ལྷག་ལ་ཟིན་གྱི་ཡོད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)