ym02b20220826C

༡.ཤེས་རིག་སྐྱེད་སྲིང་གི་ནུས་པའི་སྐོར། 2022年08月26日

རྩེད་འཇོ་ཡི་ཐོག་མའི་རྣམ་པ་ནི་གོང་དུ་བཤད་ཟིན་པ་ལྟར་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཞིག་ལས་རྩེད་འཇོའི་རོལ་རྩེད་ཁོ་ན་ཞིག་མིན་མོད། འོན་ཀྱང་སྤྱི་ཚོགས་འཕེལ་རྒྱས་དང་འཚོ་བ་ལ་འདུ་ཤེས་གསར་པ་ཆགས་པ་དང་བསྟུན་ནས་རྣམ་པ་ལ་འགྱུར་ལྡོག་བྱུང་བའི་རྩེད་འཇོའི་སྤྲོ་གསེང་གི་ནུས་པ་ཉིན་བཞིན་ཇེ་མཐོར་སོང་བ་དང་སྦྲགས་མི་རྣམས་ཀྱིས་སྤྲོ་གསེང་གི་ཆེད་དུ་སྤྲོ་གསེང་དང་། རྩེད་འཇོའི་ཆེད་དུ་རྩེད་འཇོ་ཁོ་ན་བྱེད་པ་ཞིག་མིན་པར་རྩེད་འཇོའི་སྤྲོ་གསེང་གིས་མི་རྣམས་ལ་གཤམ་གསལ་གྱི་གལ་ཆེའི་ནུས་པ་འདོན་སྤྲོད་བྱེད་ཐུབ་སྟེ།

རྩེད་འཇོའི་སྤྲོ་གསེང་གི་བྱེད་སྒོ་དེ་ནི་དར་མ་རྣམས་ལ་མཚོན་ནས་བཤད་ན། སེམས་ཁམས་ཀྱི་དགའ་སྐྱོ་ཆགས་སྡང་སྙོམ་སྒྲིག་དང་། རང་ཉིད་ཀྱི་མི་མངོན་པའི་ནུས་པ་འཚོལ་རྟོགས་དང་འདོན་སྤེལ་བྱེད་རྒྱུར་ཤིན་ཏུ་ཕན། ལོ་ཆུང་བྱིས་པ་རྣམས་ལ་མཚོན་ནས་བཤད་ན། རྩེད་འཇོའི་སྤྲོ་གསེང་ནི་སློབ་གསོ་རྒྱག་སྟངས་ངོ་མ་ཞིག་དང་གཙོ་བོ་ཞིག་མིན་ཡང་གྲུབ་འབྲས་གཡུར་དུ་ཟ་བའི་སློབ་གསོའི་ཐབས་ཤེས་ཤིག་ཡིན་ཏེ། དགའ་དགའ་སྤྲོ་སྤྲོའི་ངང་ཤེས་བྱ་སྣ་ཚོགས་བསྐྱེད་ཐུབ་ལ། བློ་རིག་གི་འདབ་མའང་གསར་དུ་རྒྱས་ཐུབ་པས་འདིར་བརྗོད་པའི་ཤེས་རིག་སྐྱེད་སྲིང་གི་ནུས་པ་ནི་གཙོ་བོ་ལོ་ཆུང་བྱིས་པར་བལྟོས་ནས་བཤད་པ་ཞིག་ཡིན་ཏེ།