ym02b20220826C

རྩེད་འཇོའི་དམངས་སྲོལ་ལས་རྩེད་འཇོའི་སྤྲོ་གསེང་གི་ནུས་པ། 2022年08月26日

ཀ སྨྲ་ལྕེ་སྦྱོང་བརྡར་གྱི་ནུས་པ་བསྐྱེད་ཐུབ་པ། སྨྲ་ལྕེ་སྦྱོང་བརྡར་གྱི་རོལ་རྩེད་ནི་བྱིས་པའི་རོལ་རྩེད་ཀྱི་རྣམ་གྲངས་གཞན་དང་མི་འདྲ་བར་ལྕེ་ཡི་མདུད་པ་གྲོལ་བྱེད་ཀྱི་གཏམ་དང་རྩེད་འཇོའི་རོལ་རྩེད་ཅིག་སྟེ། ཕན་ཚུན་ནོར་འཛོལ་ཆེ་བའི་ཡིག་འབྲུ་དང་། སྒྲ་གདངས། ཚིག་གི་གཅོད་མཚམས་ཡང་དག་གིས་མ་ཐོན་ཚེ་སྒྲ་ལོག་དོན་ལོག་ཏུ་འགྲོ་བའི་སྐད་ཆའི་སྦྱོར་བའི་ཚིག་གྲུབ་བཟོས་ཏེ་ཟློ་ཀློག་དང་མྱུར་ཀློག །ཕྱག་རྒྱ་དང་ཚིག་འབྲུ་འགལ་ཟླར་ཐོན་པ་བཅས་ཀྱི་ཐབས་ལ་བརྟེན་ནས་ལྕེ་རྩལ་འགྲན་བསྡུར་བྱེད་པ་སྟེ། དཔེར་ན། ཞྭ་བོད་ཞྭ་དང་གྲི་བོད་གྲི་ཞེས་དང་། ཁབ་རྒྱ་ཁབ་དང་ལྷམ་རྒྱ་ལྷམ་ཞེས་པ་ནི་ཚིག་གི་གཅོད་མཚམས་ལ་གོ་འཛོལ་བྱུང་ན་ཞྭ་ནི་བོད་རིགས་ཀྱི་ཞྭ་མོ་ཡིན་པ་དང་། ཁབ་ནི་རྒྱ་རིགས་ཀྱི་བཟོ་ཁབ་ཡིན་པའི་དོན་མི་ཐོན་པར་དོན་ལོག་ཏུ་འགྲོ་ལ། རྟ་དཀར་དཀར་རྔ་མ་ནག་ནག་ཅེས་དང་། རའི་རྭ་ཅོ་རིལ་རིལ་དང་། ལུག་གི་རྭ་ཅོ་ལེབ་ལེབ་ཅེས་པ་ཚིག་འགྲོས་ཧ་ཅང་མྱུར་བའི་སྒོ་ནས་ཡང་དང་བསྐྱར་དུ་བཀླགས་ན་ལྕེ་མི་བདེ་བ་དང་བྱང་ཆུབ་མེད་པ་དག་གིས་སྒྲ་ལོག་བཏོན་ཏེ་བཞད་གད་སློང་སྲིད། གཞན་ཡང་། དབུགས་སྦྱོང་དང་ལྕེ་སྦྱོང་མཉམ་སྡེབ་ཀྱི་རོལ་རྩེད་ནི། ཨ་ཁུ་རྒྱལ་པོ་ཚང་གི་ཁང་ཐོག་ན་ཀ་ཏོ་ར་ཉི་ཤུ་རྩ་གཅིག་ཡོད། དེ་དབུགས་ཐེངས་གཅིག་ལ་བགྲང་ཐུབ་ན། ཤི་ན་དམྱལ་བ་དང་ངན་སོང་ལ་མི་འགྲོ་ཟེར་ནས། དབུགས་ཐེངས་གཅིག་ལ་ཀ་ཏོ་ར་གཅིག །ཀ་ཏོ་ར་གཉིས། ཀོ་ཏོ་ར་གསུམ་ཞེས་གྲངས་ཉི་ཤུ་རྩ་གཅིག་བར་བགྲང་དགོས། ད་དུང་དབུགས་སྦྱོང་དང་ལྕེ་སྦྱོང་དེ་བཞིན་རང་བྱུང་ཤེས་བྱ་སྦྱོང་བ་བཅས་མཉམ་སྡེབ་ཀྱི་རོལ་རྩེད་ཀྱང་ཡོད་དེ། གླ་བའི་ཨ་ཐེ་ཐེ་དགུ་ཡོད།། རྣ་བ་སྨུག་ཆུང་དྲེལ་ལ་ཐེ།། མགོ་བོ་ནགས་ཀྱི་སྤྲེལ་ལ་ཐེ།། སྣ་རྡོག་སྒོ་ཁའི་ཁྱི་ལ་ཐེ།། ཁ་རུ་དམར་ཡག་སྟག་ལ་ཐེ།། ནིས་ཁེ་ཚེ་ཚེ་ར་ལ་ཐེ།། སྤུ་རྩེ་དཀར་ལེ་ལུག་ལ་ཐེ།། སྤུ་སྐེད་སྔོ་ལེ་རྟ་ལ་ཐེ།། སྤུ་རྩ་ནག་ལེ་ནོར་ལ་ཐེ།། གླ་ཤུན་རྒྱ་མོའི་དར་ལ་ཐེ།། གླ་རྩི་བཟང་དྲུག་སྨན་ལ་ཐེ།། ལྟ་བུ་དང་། གཞན་ཨ་མཚར་མཚར་ལ་མཚར་དགུ་དང་། ཁ་དཀར་རྐྱང་གི་འདྲ་དགུ། འདོ་རིག་རྟ་ཡི་འདྲ་དགུ། ལྡེའུ་ཨ་ཚུགས་ཚུགས་ལ་ཚུགས་དགུ། བྱ་ཨ་ཚུལ་ཚུལ་ལ་ཚུལ་དགུ་ལྟ་བུ་དང་། གཞན་ཕྱག་རྒྱ་དང་ཚིག་འབྲུ་འགལ་ཟླར་ཐོན་དགོས་པའང་རྟ་མགོ་ཆེན་ཞེས་ཕྱག་རྒྱས་ཆུང་ཆུང་སྟོན་པ་དང་། ལུག་མགོ་ཆུང་ཞེས་ཕྱག་རྒྱས་ཆེ་བ་སྟོན་པ་ནི་རྒྱའི་ཞི་བཀྭའ་ཆེ་བ་དང་ཞི་བཀྭའ་ཆུང་བ་ཞེས་རྩེ་བ་དང་འདྲ་བས་འདིའི་རིགས་ནི་མི་རིགས་གཞན་ལའང་རྩེ་རྒྱུ་ཡོད་པ་རིགས་འདེད་བྱེད་ཐུབ།

ཁ གྲངས་རྩིས་ཀྱི་ནུས་པ་བསྐྱེད་ཐུབ་པ། གྲངས་ཀའི་གོ་དོན་དང་གྲངས་དང་དངོས་ཡོད་དངོས་པོ་བར་གྱི་འབྲེལ་བ་ཤེས་རྒྱུར་ཕན་ཐོགས་པར་མ་ཟད་རྩིས་རྒྱག་ནུས་པའང་སྦྱོང་བརྡར་ཐེབས་ཐུབ་སྟེ་དཔེར་ན། གཅིག་གཅིག་བསེ་རུ་རྭ་གཅིག། གཉིས་གཉིས་ར་མ་ནུ་གཉིས། གསུམ་གསུམ་སྒྱེད་པུ་རྡོ་གསུམ། མེ་རི་རྩེ་གསུམ་ཟེར་བའང་ཡོད) བཞི་བཞི་མཛོ་མོ་ནུ་བཞི། (རྒྱལ་ཆེན་རིགས་བཞི) ལྔ་ལྔ་མཛུབ་གུ་སྤུན་ལྔ། (རྒྱལ་བ་རིགས་ལྔ) དྲུག་དྲུག་འགྲོ་བ་རིགས་དྲུག། བདུན་བདུན་རྒྱལ་སྲིད་སྣ་བདུན། བརྒྱད་བརྒྱད་བཀྲ་ཤིས་རྟགས་བརྒྱད། དགུ་དགུ་སྲིན་པོ་མགོ་དགུ། (ཕག་མ་ནུ་དགུ) བཅུ་བཅུ་ཁྱི་མོ་ནུ་བཅུ། (ཤྭ་བོ་རྭ་བཅུ)ཞེས་པ་ནི་གྲངས་ཀ་དང་དངོས་ཡོད་གཉིས་ཀྱི་འབྲེལ་བའི་སྒོ་ནས་གཅིག་ནས་བཅུ་བར་གྱི་གྲངས་གནས་བསྟན་ཡོད་པར་མ་ཟད། བྱིས་པས་གྲངས་ཀ་བཅུ་ཤེས་པ་དང་མཉམ་དུ་རང་བྱུང་གི་ཤེས་བྱ་དང་སྤྱི་ཚོགས་ཀྱི་ཤེས་བྱ་མང་པོ་ཞིག་ཀྱང་ངོ་འཕྲོད་ཅིང་སྡོམ་རྩིས་བྱེད་ཤེས་པ་ལྟ་བུའོ།།

ག སེམས་ཀྱི་འཆར་སྒོ་དང་ཚོར་སྣང་འཕེལ་རྒྱས་ཀྱི་ནུས་པ་བསྐྱེད་ཐུབ་པ། འདི་ནི་དམངས་ཁྲོད་རྩེད་འཇོའི་ཁྲོད་ཀྱི་ཞིབ་ཅིང་ཟབ་པའི་བསམ་གཞིག་དང་མྱུར་ཞིང་འཁྱུག་པའི་བློ་རིག་གི་ནུས་པ་སྦྱོང་བརྡར་བྱེད་པའི་ནང་དོན་ཅན་ལ་ཟེར་ཞིང་། ལྡེའུ་འམ་ཁེད་དུ་ཤིན་ཏུ་མང་སྟེ། དཔེར་ན། ཨ་འཁྱོག་འཁྱོག་ལ་འཁྱོག་དགུ་ནི། བྲག་རིའི་དབུ་རྩེ་དབུ་ནས་འཁྱོག། དགུ་ཚིགས་སྐྱ་མོ་དཀྱིལ་ནས་འཁྱོག། ཆུ་ཆེན་འབབ་པའི་ཟུར་ནས་འཁྱོག། སྤང་རི་སེར་པོ་གདོང་ནས་འཁྱོག། ལྷ་བླ་མའི་ལག་ནས་རྔ་ཡོག་འཁྱོག། མ་སྲུ་མོའི་ལག་ནས་སྐྱོགས་བུ་འཁྱོག། རྨོད་པའི་ལག་ནས་ཐོང་སོ་འཁྱོག། རྔ་མཁན་ལག་ནས་ཟོར་བ་འཁྱོག། ས་དོག་མོ་དཀྱིལ་ནས་རྒྱ་ལམ་འཁྱོག་ཅེས་པར་བྲག་རི་དང་། ནམ་མཁའ། སྤང་རི། ཆུ་བོ། ས་གཞི་བཅས་ཀྱི་རང་བྱུང་གི་གྲུབ་ལུགས་དང་དབྱིབས་གཟུགས་ལས་གཞན་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཆོས་པ་དང་། ཞིང་པ། མ་སྲུ་མོས་ཇ་ཆང་འདྲེན་ལུགས་སོགས་ཀྱང་བརྗོད་ཡོད་པས། འདི་འདྲའི་རྩེད་འཇོ་ལོ་ཆུང་བྱིས་པ་དག་ལ་དགའ་སྣང་གསར་པ་དང་། བསམ་གཞིག་གསར་པ། བློ་རིག་གསར་པ་སྟེར་ཐུབ་པར་མ་ཟད། གཞན་ད་དུང་དེ་ལས་དོན་རྒྱ་ཆེ་ཞིང་བློ་ཡིད་དུ་འཛིན་བདེ་བའང་ཡོད་དེ།

བྱའི་ཡ་མཆུ་སྐྱ་ལེ་ཅི་ལ་བརྟག། ཡ་མཆུ་སྐྱ་ལེ་གནམ་ལ་བརྟག། སྐྱ་རེངས་ཤར་ནས་རྒྱུགས་པ་བརྟག། བྱའི་མ་མཆུ་སྔོ་ལ་ཅི་ལ་བརྟག། མ་མཆུ་སྔོ་ལེ་ཆུ་ལ་བརྟག། ཆབ་ཆུ་བོ་རྒྱ་མཚོར་འབབ་པར་བརྟག། བྱ་སྐེ་སྐྱ་ལེ་ཅི་ལ་བརྟག། ས་དོག་མོ་ཁ་ཞེང་ཆེ་ལ་བརྟག། བྱ་མིག་དམར་ལ་ཅི་ལ་བརྟག། བྱ་མིག་དམར་ལེ་ཉི་ཟླར་བརྟག། ཉི་ཟླ་གསལ་སྣང་ཆེ་བར་བརྟག། བྱ་མགུ་རིང་བ་ཅི་ལ་བརྟག། བྱ་མགུ་རིང་བ་རྒྱ་ལ་བརྟག། རྒྱ་ནག་པོ་ཟས་སྣ་འཛོམས་པར་བརྟག། བྱ་རྐང་རིང་བ་ཅི་ལ་བརྟག། བྱ་རྐང་རིང་བ་བོད་ལ་བརྟག། བོད་དབུ་ནག་ལོངས་སྤྱོད་རྒྱས་པར་བརྟག། བྱ་གཤོག་པ་རིང་བ་ཅི་ལ་བརྟག། བྱ་གཤོག་པ་རིང་ག་རྒྱ་གར་བརྟག། ཆོས་དཀར་པོ་དར་ཡུན་རིང་བར་བརྟག། ཝསྒྲོ་སུམ་བརྒྱ་དྲུག་ཅུས་ཅི་ཞིག་མཚོན།། ཉི་མ་སུམ་བརྒྱ་དྲུག་ཅུ་མཚོན།། མཇུག་སྒྲོ་བཅུ་གཉིས་ཅི་ཞིག་མཚོན།། ལོ་སྐོར་ཟླ་བ་བཅུ་གཉིས་མཚོན།། བྱ་སྤུ་གྲངས་མེད་ཅི་ཞིག་མཚོན།། དུས་ཚོད་སྐར་ཆ་གྲངས་མེད་མཚོན།། ཞེས་བྱ་གཅིག་པུའི་སྟེང་ནས་ཉི་ཟླའི་འཆར་ནུབ་དང་། གཙང་ཆབ་འབབ་ལུགས། ས་གཞིའི་ཁོད་ཞེང་བཅས་མཚོན་ཞིང་བརྗོད་ཡོད་ལ། མི་རིགས་སོ་སོའི་དཔལ་འབྱོར་དང་། ཟས་རིགས་ལོངས་སྤྱོད། ཆོས་ལུགས་རིག་གནས་བཅས་རེ་རེ་བཞིན་རགས་བཤད་བྱས་ཡོད་པར་མ་ཟད་ལོ་ཁམས་བརྩི་སྟངས་དང་ལོ་རྟགས་བཅས་ཀྱང་གསལ་བཤད་བྱས་པས། ཁེད་ཀྱི་རྩེད་འཇོ་འདི་ལྟ་བུས་ཀྱང་ལོ་ཆུང་བྱིས་པ་རྣམས་ཀྱི་བློ་རིག་དང་བསམ་གཞིག་གི་བློ་སྒོ་ཡངས་པོར་འབྱེད་ངེས་སོ། །

༢.ལུས་སྟོབས་སྦྱོང་བརྡར་གྱི་སྐོར།

རྩེད་འཇོའི་སྤྲོ་གསེང་ནི་མིའི་རིགས་ཀྱི་ལུས་གཟུགས་དང་བློ་རིག་འཕེལ་རྒྱས་ཀྱི་བྱེད་སྒོ་ཞིག་ཡིན། དེས་ཀྱང་ཤུགས་འདོན་སྤེལ་དང་འཕེལ་རྒྱས་གཙིགས་ཆེན་དུ་འཛིན་པར་མ་ཟད། ལུས་ཤུགས་སྦྱོང་བརྡར་དང་ཐབས་རྩལ་བྱང་ཆུབ་པར་གཙིགས་ཆེན་བྱེད་དོ། །

ཀ ལུས་སྟོབས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། སྤྱིར་བོད་ལ་གནའ་བོའི་དུས་ནས་ཕོ་རྩལ་སྣ་དགུ་ཞེས་ཡོད་པ་དང་། དེར་ཡང་རྣམ་གྲངས་མི་འདྲ་བ་གཉིས་བྱུང་སྟེ། མཐེབ་ཀྱིས་ཤ་ནོན་པ་དང་། རྐྱལ་གྱིས་ཆུ་ཆོད་པ། ཡང་རྩལ་བྱ་ལྟར་ལྡིང་བ་སྟེ་ལུས་ཀྱི་རྩལ་གསུམ།ལོ་རྒྱུས་ཀྱིས་དགེ་ཐོན་པ་དང་། གཏམ་གྱིས་བཞད་གད་སློང་བ། ཤགས་ཀྱིས་ཕ་རོལ་གནོན་པའི་ངག་གི་རྩལ་གསུམ། མཛངས་ཤིང་བློ་འགྱུ་བ། དཔའ་ལ་སྲན་ཚུགས་པ། ཁ་གསལ་ཞིང་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་དང་བཅས་དགུ་རུ་འདོད་པ་དང་། ཅིག་ཤོས་ནི་གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོང་གསུམ། བང་རྐྱལ་སྤེ་གསུམ་བཅས་དགུར་འདོད་སྲོལ་ཡང་ཡོད། དེར་གཞིགས་ན་བོད་ལ་སྔ་དུས་ནས་ཀྱང་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་གྱི་རྣམ་གྲངས་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་རྟོགས་ཐུབ་ཅིང་གཞན་དེང་སྐབས་དམངས་ཁྲོད་དུ་ཐག་པ་འཐེན་པ་དང་། གཉའ་ཐག་འཐེན་པ། རྒྱབ་དང་སྒབ་འོག་ནས་རྡོ་རྒྱབ་ཏུ་འཕེན་པ། རྡོ་སྒོར་རྩེ་བ། ཐེབས་པད་རྩེ་བ་སོགས་འགྲན་བསྡུར་སྣ་ཚོགས་ཀྱང་ལུས་སྟོབས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་པའི་ལུས་རྩལ་ལམ་རྩེད་འཇོའི་རྣམ་གྲངས་སུ་གཏོགས་སོ། །

ཁ ཐབས་རྩལ་འཕེལ་རྒྱས་ཀྱི་སྐོར། ཐབས་རྩལ་འགྲན་བསྡུར་གྱི་སྤྲོ་གསེང་བྱེད་སྒོས་དམངས་ཁྲོད་རྩེད་འཇོའི་ཁྲོད་གོ་གནས་གལ་ཆེན་ཞིག་ཟིན་ཡོད། དེ་ནི་མིའི་རིགས་ཀྱི་མི་མངོན་པའི་ལུས་སྟོབས་འདོན་སྤེལ་དང་། བློ་རིག་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་ཀྱི་ཐབས་རྩལ་ཞིག་ཡིན་ཏེ། བྱིས་པ་རྣམས་ཀྱི་འབའ་རྡེའུ་དང་། ཐེབས་པེད། ཐེ་ཀེ། ཐག་མཆོང་སོགས་དང་། དར་མ་རྣམས་ཀྱི་རྟ་ཐོག་སྤོ་ལོ་སོགས་རྟ་གོང་གི་རྩེད་འཇོ་སྣ་ཚོགས་དང་། འགྱིག་རྩེད། མདའ་རྩེད། འུར་རྡོའི་རྩེད་འཇོ་སོགས་ནི་བྱང་ཆ་ངེས་ཅན་དགོས་པའི་ཐབས་རྩལ་རང་བཞིན་མཐོ་བའི་རྩེད་འཇོའི་ཆ་རེད་ལ། དེ་ཡང་ཐག་མཆོང་གི་རྩེད་མོའི་རྣམ་གྲངས་ལའང་རྐྱང་རྩེད་དང་། སྡེབ་རྩེད་གཉིས་སུ་དབྱེ་ཆོག་ལ། རྐྱང་རྩེད་ནི་ཐག་པའི་གཞོགས་གཉིས་ནས་བྱིས་པ་གཉིས་ཀྱིས་ཐག་སྣེ་བཟུང་ཞིང་གཡུགས་པ་དང་ཆབས་ཅིག་བྱིས་པ་གཉིས་སམ་གསུམ་མམ་བཞིའམ་ཐ་ན་བཅུ་གྲངས་འགའ་ཞིག་གིས་སྡེབ་མཆོང་གི་རྡོག་སྒྲ་གཅིག་ལྟ་བུར་རྩེ་བ་དང་། ཡར་མཆོང་སྐབས་ཕྱག་འབུལ་ཞུ་བ་དང་། མར་བབས་སྐབས་ལག་ཟུང་སྐུམ་ནས་འོངས། ལག་གཉིས་སྐེད་གཟེར་བྱས་ཏེ་མཆོང་བའམ་གཡས་གཡོན་དུ་སྐོར་བ་རྒྱག་ཅིང་མཆོང་བ། ས་སྟེང་ནས་དངོས་པོ་སྒྲུག་པ་སོགས་རྐང་ལག་གི་སྟངས་སྟབས་སྣ་ཚོགས་ཡོད་ལ། དེར་ད་དུང་གཞས་ཚིག་ཅིག་ཀྱང་ཡོད་དེ། གཅིག །གཉིས། གསུམ་བྱས་ནས་རྡོ་གཅིག་སྒྲུག། བསིལ་བསིལ་བསིལ་ལ་འབབ་ཆར་ལེགས་མོ་ཡོད། རྨ་བྱའི་སྐོར་བ་གཡས་སྐོར་གཅིག་བརྒྱབ། འཇོལ་མོའི་སྐོར་བ་གཡོན་སྐོར་གཅིག་བརྒྱབ། སྐོར་བ་གཡས་སྐོར་གཡས་ལ་བརྒྱབ་ནས་གཡས་ཀྱི་དར་ལྕོག་བཙུགས། སྐོར་བ་གཡོན་སྐོར་གཡོན་ལ་བརྒྱབ་ནས་གཡོན་གྱི་དར་ལྕོག་བཙུགས་ཞེས་པ་ལྟ་བུ་ཡིད་ཀྱི་དབང་པོ་འགུགས་པའི་བརྗོད་དོན་མངའ་བ་ཞིག་ཡིན་ཏེ། དེ་ཡང་འདབ་ཆགས་ནང་ནས་གཟུགས་མཛེས་ཤིང་ཡིད་དུ་འོང་བ་རྨ་བྱ་དང་། རྣ་བར་སྙན་ཞིང་འཇེབས་པའི་སྐད་ཀྱི་འགྱུར་ཁུག་སྣ་ཚོགས་སྟེར་ནུས་པ་ཅན་གྱི་བྱིའུ་ཆུང་འཇོལ་མོ། དར་ཚོན་སྣ་ལྔའི་དར་ལྕོག་ཆུང་ཆུང་གོས་ལིང་གི་ཙར་ལོ་ཅན་ཏེ། བཀྲ་ཤིས་ཤིང་རྟེན་འབྲེལ་ཡག་པའི་དངོས་པོ་དག་རྩེད་འཇོ་དང་སྦྲགས་ཡོད། དེ་དག་ལ་གོ་རིམ་དང་སྒྲིག་རིམ་བཅས་ཞིབ་ཅིང་ཚགས་དམ་པོ་ཡོད་པས་ཐབས་རྩལ་ལ་བྱང་ཆ་མེད་པ་དང་རྐང་ལག་ལ་ལྡེམ་མྱུར་མེད་པ་ཞིག་རྩེད་འཇོ་དེ་དག་ལ་ཞུགས་རྒྱུ་ཅུང་དཀའ་བའོ། །

༣. མི་གཤིས་བཞེངས་སྐྲུན་གྱི་སྐོར།

དམངས་ཁྲོད་རྩེད་འཇོས་རྒྱ་ཆེ་བའི་ན་ཆུང་བྱིས་པ་རྣམས་ཀྱི་བློ་སྒོ་ཕྱེ་ཞིང་། ལུས་སྟོབས་རྒྱས་པར་ནུས་པ་འདོན་གྱི་ཡོད་པར་མ་ཟད། འཐབ་འཛིང་གི་སྙིང་སྟོབས་ཅན་དང་། ཐུང་མོང་གི་བསམ་བློ་ཅན། ཡིད་གཞུང་དྲང་མོ་ཅན། གཞན་ལ་རོགས་རམ་གྱི་འདུ་ཤེས་ཅན་གྱི་མི་གཤིས་བཞེངས་སྐྲུན་བྱེད་པའི་ཐད་ལའང་ནུས་པ་ལེགས་པོ་ཐོན་གྱི་ཡོད་དེ།

ཀ འཐབ་འཛིང་གི་སྙིང་སྟོབས་སྐྱེད་སྲིང་ཐུབ་པའི་སྐོར་ལ། དཔེར་ན། རྟ་ཐོག་སྤོ་ལོའམ་རྟ་གོང་གི་རྩལ་འགྲན་སྣ་ཚོགས་དང་། རྡོ་འཐབ(མདོ་སྨད་ཀྱི་ཞིང་གྲོང་དུ་བྱིས་པ་རྣམས་ཚོགས་པ་ཀ་ཁ་གཉིས་སུ་བགོས་ནས་ཕན་ཚུན་ལ་གནས་གཏན་འཁེལ་བྱས་ཡོད་པ་དེ་འཕྲོག་རེས་བྱེད་པར་རྡོ་འཐབ་བྱེད་པའི་བྱིས་པའི་རྩེད་མོ་ཞིག་ཡིན) ཡུར་མཆོང་། ཆུ་རྐྱལ། བྲག་རི་དང་སྡོང་མགོར་འགོས་པ། ཀ་མ་ཀ་ཡེ(མདོ་སྨད་ཀྱི་ཡུལ་སྐད་ཅིག་ཏུ་མཐོང་ལ་དེའི་རྩེད་ལུགས་ནི་ཤིང་ལེབ་རིང་པོ་ཞིག་གི་ཡར་མར་གྱི་དཀྱིལ་མཚམས་སུ་མི་ཞིག་གི་གཟུགས་གཞིའི་མཐོ་ཚད་དང་འདྲ་བའི་སྟེགས་ཤིང་ངམ་སྟེགས་རྩིག་གང་རུང་ཞིག་བཟོས་རྗེས་ཤིང་ལེབ་ཀྱི་སྣེ་གཉིས་ལ་མི་བསྡད་དེ་གཡས་གཡོན་རེས་མོས་སུ་ཡར་བཀྱགས་མར་མནོན་བྱེད་པའི་བྱིས་པའི་རྩེད་མོ་ཉེན་ཁ་ཅན་ཞིག་ཡིན་ལ།ཡང་ས་ཆ་ཁ་ཤས་སུ་ཐག་པ་སྡོང་པོའི་ཡལ་གར་བསྐོན་ཞིང་སྣེ་གཉིས་མདུད་པའི་ཁུག་མགོར་མི་བསྡད་དེ་ཕར་གཡུག་ཚུར་གཡུག་བྱེད་པ་ལའང་མིང་དེ་ལྟར་འབོད། དོན་ལ་དེ་གཉིས་

ནི་རྒྱ་རིགས་ཀྱི(秋千)རྩེད་འཇོ་དང་འདྲ།)བཅས་ནི་རྩེད་འཇོའི་ཁྲོད་ནས་སྙིང་སྟོབས་ལ་ཚོད་བགམ་དང་སྦྱོང་བརྡར་བྱེད་པའི་སྐོར་རེད་ལ། དེས་མི་རྣམས་ལ་དཔའ་ངར་ལྡན་ཞིང་བློ་རིག་སྐྱེད་སྲིང་བྱ་རྒྱུར་ཕན་ནུས་ངེས་ཅན་ལྡན།

ཁ གཞུང་རྒྱུད་དྲང་པོའི་གཤིས་ཀ་གསོ་སྐྱོང་བྱེད་ཐུབ་པའི་སྐོར་ལ། ནང་དོན་བདེ་ཐང་ཡིན་པའི་རྩེད་འཇོའི་སྤྲོ་གསེང་གིས་མི་གཤིས་དྲང་པོ་དང་། ཀུན་སྤྱོད་སྤྱི་མཐུན་གྱི་མི་གཤིས་སྐྱོང་བ་ལ་རམ་འདེགས་ངེས་ཅན་བྱེད་ཐུབ་སྟེ། དཔེར་ན། བོད་ཀྱི་ས་ཆ་ཕལ་མོ་བར་དར་ཁྱབ་ཆེ་བའི་བྱིས་པའི་ལག་རྩེད་ཀྱི་རྣམ་གྲངས་རྡེའུ་རྩེད(ལྷ་སར་ཨབ་འཐོར་གྱི་རྩེད་འཇོ་ཟེར) ལྟ་བུར་མཚོན་ན། བསྡད་རྩེད་དང་ལངས་རྩེད་གཉིས་ཡོད། བསྡད་རྩེད་ནི་མི་གཉིས་གསུམ་མམ་བཞི་བར་མཉམ་དུ་ས་སྟེང་དུ་སྒོར་མོ་རྔ་འདྲའི་གྲལ་གྱིས་སྐྱིལ་ཀྲུང་བཅས་པའམ་གཡས་བརྐྱངས་གཡོན་བསྐུམས་སམ་ཡང་ན་གཡོན་བརྐྱངས་གཡས་བསྐུམས་ཅི་རིགས་ཀྱི་སྒོ་ནས་གྲངས་ངེས་ཅན་ཡིན་པའི་རྡེའུ་རྣམས་ལག་པས་འཕེན་ལེན་བྱེད། དེ་ཡང་ལག་གཡས་པས་རྩེ་ན་གཡོན་པས་ཕྱག་རྒྱ་སྣ་ཚོགས་བྱེད་པའམ་ཡང་ན་ལག་གཡས་གཡོན་བརྗེ་རེས་བྱས་ཏེ་རྩེ། གཞན་ཡང་ལག་ཕྱི་ནས་བསྐྱུར་ཏེ་ནང་དུ་ལེན་པ་དང་། ནང་ནས་བསྐྱུར་ཏེ་ཕྱི་ནས་ལེན་པའམ། ཡང་ན་ལག་པས་རྡེའུ་གཉིས་ནམ་མཁར་འཕངས་ཤིང་གཡོན་པས་ལེན་པའམ་གཡོན་པས་ལེན་སྐབས་གཡས་པས་མུ་མཐུད་དུ་ས་སྟེང་གི་རྡེའུ་རྣམས་སྒྲུག་དགོས་པ་སོགས་མང་ངོ་།། དེའི་སྐབས་སུ་ལྕང་སྡོང་གཅུས་རིལ་ཞེས་པ་རང་། བྲང་ཁོག་ལྡིག་ལྡིག་ཅེས་པ་སོགས་ནི་རྩལ་གནད་ཅིག་ཏུ་བརྩི་བ་ཡིན། ཆུའི་ཕར་རི་ཚུར་རི་ཞེས་པའི་སྟེང་དུ་རྒྱ་གྲམ་གྱི་རྟགས་ལྟ་བུའི་རི་མོ་ཞིག་བྲིས་ཏེ་དེའི་ཤར་ནུབ་གཡས་གཡོན་རྣམས་སུ་རྡེའུ་རེ་བཞག་སྟེ། ལག་གཡས་པས་རྡེའུ་རྣམས་ནམ་མཁར་འཕངས་པ་དང་དུས་མཚུངས་ལག་གཡས་གཡོན་གཉིས་ཀས་ས་སྟེང་གི་རྡེའུ་རྣམས་གཡས་གཡོན་ཤར་ནུབ་བརྗེ་དགོས་པ་ཡིན། ལངས་རྩེད་ནི་རྩལ་རྩེད་ཀྱི་རང་བཞིན་ཤུགས་ཆེ་ཙམ་ལྡན་པའི་རྡེའུ་རྩེད་ཀྱི་རྣམ་གྲངས་ཤིག་ཡིན་པ་སྟེ། དེར་ཡང་རྡེའུ་ཆུང་གཉིས་སམ་གསུམ་གང་རུང་ཞིག་ལག་གཡས་པས་ནམ་མཁར་འཕངས་པ་ལག་གཡོན་པས་ལེན་ཞིང་བསྟུན་མར་ལག་གཡས་པར་བརྒྱུད་སྤྲོད་བྱ་དགོས་པ་དང་གཅིག་དང་། ཡང་ལག་གཡས་གཡོན་གཉིས་ཀར་རྡེའུ་གཉིས་རེ་བཟུང་སྟེ་ལག་གཉིས་སོ་སོར་འཕངས་ལེན་གྱིས་རྩེད་སྲོལ་ཞིག་ཀྱང་ཡོད།

གོང་གི་རྡེའུ་རྩེད་ཀྱི་རིམ་པ་དེ་དག་གི་སྐབས་སུ་རྩེད་མོ་བའམ་རྩེད་འཇོ་བས་གང་འདོད་ལྟར་རྡེའུ་འཕངས་ལེན་དང་ཤར་ནུབ་གཡས་གཡོན་བརྗེ་མི་ཆོག་པར་སྒྲིག་མཐུན་ཁྲིམས་སྲུང་དང་གཞུང་དྲང་སྤྱི་མཐུན་སྒོས་ལྕང་སྡོང་གཅུས་རིལ་དང་བྲང་ཁོག་ལྡིར་ལྡིར་གྱི་རྩལ་གནད་ཐོན་དགོས། གལ་ཏེ་སྒྲིག་ལམ་དེ་དག་མ་བརྩིས་ཚེ་ཚོགས་པ་ལས་ཕྱིར་འཕུད་པ་དང་། ཡང་ན་རྩེད་མཚར་གྱི་ཆད་པ་བཅད་དེ་མི་ཐ་ཤལ་བ་ཞིག་གི་གྲས་སུ་འཇོག་པ་ལྟ་བུས་ཀྱང་མི་ཞིག་གིས་མི་ཚེའི་བཤུལ་ལམ་རིང་མོའི་སྐབས་ནམ་ཞིག་གི་དུས་སུའང་གཤིས་དྲང་གཞུང་དྲང་བྱེད་དགོས་པའི་མི་ཚེའི་སློབ་གསོ་གཏོང་གི་ཡོད།

༤.ཐུན་མོང་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་ཐུབ་པའི་སྐོར།

རྩེད་འཇོ་བ་རྣམས་ཀྱི་ཐུན་མོང་གི་རང་བཞིན་དེས་མི་རྣམས་ཀྱི་ཕན་ཚུན་རོགས་རམ་དང་མཉམ་འབྲེལ་གྱི་འདུ་ཤེས་ཆེས་ཆེར་བསྐྱེད་ཐུབ་སྟེ། དཔེར་ན། རྩེད་འཇོ་བ་རྣམས་ཁག་ཀ་ཁ་གཉིས་སུ་བགོས་ཏེ་ཐེབས་པེད་རྩེ་བ་དང་། རྡོ་སྒོར་རྒྱག་པ། མདའ་རྩེད་རྩེ་བ། གབ་རེས་འུར་རེས་གཞའ་མ་གཞའ་རེས་བྱེད་པ་བཅས་ནི་རང་རང་གི་རྩལ་དང་བློ་རིག་འདོན་པ་གཙོ་བོར་བརྩི་ཡང་རང་ཕྱོགས་ཀྱི་རྩེད་འཇོ་བ་དང་ཕན་ཚུན་མཉམ་འབྲེལ་དང་རོགས་རམ་བྱ་རྒྱུ་ནི་མཐའ་མཇུག་གི་རྒྱལ་ཕམ་ཐག་གཅོད་ཀྱི་གནད་ལ་རག་ལས་པས་ཐུན་མོང་ལ་ཤུགས་རྒྱག་དགོས་པའི་སློབ་སྟོན་མགོ་རྔ་བར་གསུམ་ཀུན་ཏུ་ཡོད་པ་ཞིག་རེད་དོ།།

༼ གཅན་ཚ་བཀྲ་བྷོས་བརྩམས་པའི《དམངས་སྲོལ་རིག་པའི་སྤྱི་དོན》ལས་དྲངས།༽