ལུས་གཟུགས་གཞི་མྱུག་མ་ཚིགས་དྲུག་འདྲ།།
ལས་མི་རྟག་ཆར་རྗེས་འཇའ་ཚོན་ཡིན།།
གཞོན་ཕོ་མོའི་རང་སྣང་མ་མཐོ་དང་།།
འཇའ་ནམ་ཤར་ནམ་ནུབ་ཆ་མེད་ཡིན།།
སེམས་གངས་དཀར་གསར་བཞད་མེ་ཏོག་གིས།།
ཚིག་དོན་ཆེན་དོན་དུ་མི་གཉེར་ཞིང་།།
བློ་རྦད་ཐག་རྦད་དེ་མ་བཅད་ན།།
ཚེ་རིང་ཐུང་དགོང་གའི་སྐར་མདའ་ཡིན།།
གཏམ་རྩྭ་ཐག་འདྲ་ཞིག་བཤད་ཞོར་དུ།།
ལས་གངས་རི་འདྲ་ཞིག་བསམ་པའི་བློ།།
ལོ་ན་ཚོད་སྒྲོག་ལ་ཐེབས་པ་ལས།།
དར་གཞོན་པའི་ལང་ཚོ་ངོམས་རྟགས་མིན།།
གདོང་སྐྱི་མོའི་ཡག་བཞིན་འགྲན་པ་ལས།།
ལས་དོན་ཆེན་དོན་ལ་བརྩོན་བྱོས་དང་།།
ཚེ་མི་རྟག་སྒྱུ་མའི་འདྲེས་མདོ་རུ།།
འོད་ཕྲེང་རྡོག་ཙམ་ཞིག་ཤར་ལེ་ཡིན།།
བློ་དྭངས་གཙང་དུག་གིས་མ་སྦང་བར།།
ས་ལེ་བར་གཏམ་གྱིས་གཅོད་ནུས་ན།།
ལོ་བཅོ་ལྔ་ཉི་ཤུ་ཝ་མོ་ཡིན།།
ཝ་ཇ་ཁ་ཀྲིག་སེ་ཡག་སྣང་ཆེ།།
རྒྱང་རིང་ཐུང་མིག་གིས་འཚོ་བཞིན་དུ།།
གཏམ་སྒྲོ་གུ་སྤྲོད་སྤྲོད་བྱེད་ནུས་ན།།
གཞོན་དྲུག་པའི་མེ་ཏོག་སེར་ཆེན་དེ།།
སེར་ལམ་མེར་བཞད་ན་གཉོར་སྙིང་སྤྲོ།།
དར༵་གོས་ལྗང་དཔྱིངས་འདྲའི་དུས་ཡུན་ལ།།
འཁོན་ང་རྒྱལ་མེ་ལྕེ་མ་སྦར་དང་།།
གཤིས་བལ་དཀར་ཁ་ཆུའི་འཇོ་ལུགས་ལ།།
གཏམ་གཡུང་དྲུང་རི་མོ་འཁོར་སྲོལ་ཡོད།།
ལུས་ལྷུ་དྲུག་ལྷུ་རྐང་འགྲིག་པའི་ཉིན།།
ཚིག་འགོ་རྔའི་འགོ་རྐང་མ་འཁྲུལ་དང་།།
ས་བ་ཡན་ཐང་གི་ཐང་སྟོད་དུ།།
གཞོན་རྩེད་འཇོ་རོལ་ན་སྐྱིད་སྣང་ཆེ།།
ཚེ་བསོད་ནམས་དར་བའི་དུས་དེ་རུ།།
ལས་མི་རྟག་སྒྱུ་མར་མ་སློབ་དང་།།
ཁ་དུང་སོ་ཀྱུག་གེར་ཤི་བའི་ཉིན།།
ལས་རྟོགས་བརྗོད་མུ་ཏིག་དཀར་པོར་གསོལ།།
ལུས་ལང་ཚོ་དར་ལ་བབས་པའི་དུས།།
གཞོན་ཁྲེལ་ཡོད་ཕྱི་ཐག་རིང་དུ་སྐྱོངས།།
ཁ་ངན་པ་རྒོད་ལ་ཤོར་ཙ་ན།།
ལུས་ངན་པ་ཁྲིམས་ལ་སྦྱོར་ཉེན་ཆེ།།
ངག་འཇམ་པོའི་ཚུལ་ལ་གཞོན་དྲི་བྲོ།།
བློ་གུས་གུས་ཉམས་ལ་དར་དཀར་འཐེན།།།
དཔལ་རིང་དུ་ཤར་བའི་ན་ཚོད་ལ།།
དོན་ནོར་བུ་རིན་ཆེན་ཐུགས་སུ་ཟུངས།།
རྒྱུ་འབྱོར་བ་མཁའ་མཐའི་སྤྲིན་པ་འདྲ།།
རླུང་བསེར་བུའི་གཏུབ་ན་འགྱོད་ལས་ཆེ།།
ལུས་ལང་ཚོ་དཀར་གསལ་ཟླ་བ་འདྲ།།
གཡོ་གསང་རྒྱར་ཚུད་ལ་འགྱོད་ལས་ཆེ།།
ངས་དེ་རིང་ལབ་པའི་སྙན་ངག་འདི།།
ཚིག་བརྒྱ་བཤད་ཚིག་གི་རྩ་བ་ཡིན།།
དོན་སྟོང་བྱུགས་འོ་མའི་མར་ལོ་ཡིན།།
གཞོན་བཅོ་ལྔ་ཉི་ཤུའི་བརྩེ་ཆང་ཡིན།།
ཉན་འདོད་ན་སེམས་ཀྱི་མན་ངག་ཡིན།།
ཟ་འདོད་ན་བཅུད་ཀྱི་རུ་མ་ཡིན།།
ལུས་གཟུགས་གཞི་མེ་ཏོག་མདངས་འཛིན་གྱི།།
ཚེ་བསོད་ནམས་བམ་ཁ་མཐུག་པར་སྨོན།།
༼ མགར་ཐང་དཀར། ༽