དང་ཐོག་ཚོར་ཤེས་མང་པོའི་
བཞིན་རས་ལས།།
དབྱངས་གསལ་རིག་པའི་
མེ་ཏོག་མངལ་དུ་སྦྲུམ།།
བར་མེད་རྟོག་པ་འགྱུ་བའི་
རླབས་འཕྲེང་ལས།།
སྤྱི་ཚོགས་གཡང་བའི་དཀན་
དུ་ལང་ལོང་འཕྱོ།།
ཇི་ཡང་སྲིད་པའི་སྲིད་པ་སྒྱུ་མའི་གར།།
སྣ་ཚོགས་འཚུབ་མའི་དབྱིངས་
ལ་ཡིད་བརྟན་ཅི།།
སེམས་ཉིད་དག་པའི་སྟོབས་ཀྱི་
མཁའ་དབྱིངས་སུ།།
སྤྲིན་བྲལ་ཉི་ཟླའི་གསལ་སྣང་
ཁྱབ་གྱུར་ཅིག།
གསར་དུ་འབུས་པའི་ལྗང་བུའི་
གདན་སྟེང་དུ།།
ཕྲག་དོག་རྟ་ཕོའི་རྨིག་སྒྲ་རྡེབ་པ་འདི།།
ད་ལྟའི་བར་དུ་རང་རེའི་
སྲོལ་ཡིན་པས།།
འདི་ལ་གཟུ་བོར་དཔྱད་ན་
ཅི་མ་རུང་།།
སྣ་མང་ཤེས་བྱའི་ཚོགས་
སུ་ལྡིང་བ་དང་།།
ལོ་ཟླ་མང་པོའི་དཀའ་སྡུག་བསགས་
པའི་འབྲས།།
ཀུན་ལ་ཕན་པའི་དོན་དུ་
འབད་བྱས་ཀྱང་།།
མིག་ལྡོང་འུག་པའི་མདུན་
ན་ཞེ་རེ་སྨྲེང་།།
རིག་པའི་སྡེ་ཁག་སྤྱི་ཚོགས་
སྣེ་ཤན་ཡིན།།
བླང་དོར་ལེགས་ཉེས་འབྱེད་
པའི་བློ་གྲོས་དགོས།།
སྤྱི་ཚོགས་རྟོག་ཞིབ་འོས་བབས་
འགན་འཁྲི་ཡིན།།
དེ་ལས་རྒྱལ་དགོས་མ་འཆུག་
ཕ་བཟང་བུ།།
གྲྭ་གྲོང་བརྩད་ནས་ད་བར་
རང་རེ་ཕམ།།
ཡང་དག་རིག་པས་དཔྱད་
པར་མི་བྱེད་པར།།
ལྟ་ལོག་གོ་ལོག་ཟེར་ནས་
གཡེན་ཁ་དཀྲུགས།།
རིས་མེད་སྣང་སེམས་དག་
ན་སྐྱིད་པ་ལ།།
གང་ཞིག་འཕེལ་ན་ཕྲག་པ་
གཟེར་བ་ལས།།
ཕྱར་བ་གྲུ་འདེགས་བྱེད་
པའི་ཡི་རང་དབེན།།
མཐའ་ནས་མི་སྐྱོར་ཐོག་ནས་
རྐང་རྡེབ་འདི།།
ཁྱི་གུ་ཁང་ཐོག་ཕུད་དང་
དཔེ་མཚུངས་དངོས།།
རང་སྐྱོན་རང་གིས་ཤེས་
པ་དཀོན་ནའང་།།
གཞན་ཕན་ཀུན་སློང་དག་ན་
རྒྱན་ཡིན་མོད།།
སྐྱོན་ཐོག་ཁེལ་ན་ཆགས་
སྡང་མེ་ལྕེ་ཡིས།།
བརྟན་མེད་ཞེ་རྩའི་རྩྭ་
སྐྱ་ཚིག་པ་མཚར།།
རང་གཞན་ཕན་པའི་
སྐད་ཆ་བཤད་ལེགས་ན།།
འཇིག་རྟེན་སྲིད་པའི་ཏོག་གི་
རིན་ཆེན་ཡིན།།
འཐེན་འཁྱེར་གྲུབ་མཐའི་
ཉེ་རིང་ཆེ་བ་ན།།
ཡར་རྒྱས་མཚོ་མོ་སྐམ་པའི་
ཐན་པ་ཡིན།།
བསྲེགས་བཅད་བརྡར་གསུམ་
རིག་པའི་དཔྱད་པ་ལས།།
བདེན་དོན་དབྱངས་གསལ་
བཞིན་རས་འཛུམ་གྱུར་ཅིག
འགྱེལ་འགྲེང་གོག་གསུམ་
དཀའ་སྡུག་རབ་ཁ་ནས།།
བང་རྩལ་འགྲོས་ལག་བདེ་
བའི་རླུང་རྟ་དར།།
གཏུབ་རྡུང་འཐག་གསུམ་
དུས་ཀྱི་སོ་ཁ་ནས།།
རིག་པའི་མེ་ཏོག་གཟི་འོད་
འབར་གྱུར་ཅིག།
ཐུབ་པ་ཨོ་རྒྱུན་སྤྱན་རས་ཟུམ་མེད་ན།།
བདེན་དོན་རིག་པའི་
དཔང་བོ་བུ་ལ་བྱོས།།
༼ སྒོ་སྤྲེའུ་ངེས་དོན། ༽