01

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི“མི་དམངས་ཡི་རང་བའི་གཞུང་ཞབས་པ”དང“མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང”གི་འཐུས་མི་དང་མཇལ་འཕྲད་གནང་། ལི་ཁེ་ཆང་མཇལ་འཕྲད་དུ་ཞུགས་པ་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་མཇལ་འཕྲད་དུ་ཞུགས་པ་དང་ཆབས་ཅིག་གཟེངས་བསྟོད་ཚོགས་ཆེན་ནང་ཞུགས། 2022年09月05日

སྤྱི་ཟླ8པའི་ཚེས30ཉིན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་ཀྱི“མི་དམངས་ཡི་རང་བའི་གཞུང་ཞབས་པ”དང“མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང་”གི་འཐུས་མི་དང་མཇལ་འཕྲད་གནང་།

རྒྱལ་ཡོངས་ཀྱི“མི་དམངས་ཡི་རང་བའི་གཞུང་ཞབས་པ”དང“མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང་”གི་གཟེངས་བསྟོད་ཚོགས་ཆེན་ཚེས30ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད། ཁོ་ཚོར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་འཁུར་ཕོད་པའི་སྐུལ་ལྕག་ཀྱང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མཇལ་འཕྲད་ནང་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་དུ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཚོགས་འདུའི་ཐོག་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱོང་གནང་བ་རེད། སྔ་དྲོའི་ཆུ་ཚོད11པར། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས། ཚོགས་ར་ཡོངས་ནས་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་གསུང་གླེང་མཛད་པ་དང་འབྲེལ་ལྷན་དུ་དྲན་རྟེན་སྐུ་པར་ཡང་བླངས་པ་རེད།

( པར་ངོས་གཉིས་པར་གཟིགས།)