02

2022年09月05日

( པར་ངོས་དང་པོར་མཐུད།)

ཧན་ཀྲེང་གིས་གཟེངས་བསྟོད་ཚོགས་ཆེན་ཐོག《ཀྲུང་གོ་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི“མི་དམངས་ཡི་རང་བའི་གཞུང་ཞབས་པ”དང“མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང་”ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱོང་བྱས་པ་རེད། གཏན་འབེབས་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ཉེར་ཡོད་པའི་སྐབས་སུ་སྔོན་ཐོན་དཔེ་བཟང་ལ་གཟེངས་བསྟོད་དང་།འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཞིང་། གཞུང་ཞབས་པ་དང་གཞུང་ཞབས་པའི་ཐུན་མོང་་རྒྱ་ཆེན་གྱིས་རྒྱང་སྐྱོད་ལམ་བུ་གསར་པར་ཧུར་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་གཞག་པར་སྐུལ་མ་གཏོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུའུ་ཆིན་སོགས་བློ་མཐུན397ལ་རྒྱལ་ཡོངས་ཀྱི“མི་དམངས་ཡི་རང་བའི་གཞུང་ཞབས་པའི”མཚན་སྙན་སྤྲད་པ་དང་། པེ་ཅིང་ལི་ཙེ་དངུལ་རྩའི་ཚོང་དོན་ཁུལ་དོ་དམ་ཨུ་ལྷན་སོགས་ཐུན་མོང་198ལ་རྒྱལ་ཡོངས་ཀྱི“མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང་”གི་མཚན་སྙན་སྤྲད་པ་རེད།

ཝང་ཧུའུ་ཉིང་གིས་ཚོགས་ཆེན་ཐོག་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཕིང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དེའི་ཐོག་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་གནང་བ་དང་། རྒྱལ་ཡོངས་ཀྱི“མི་དམངས་ཡི་རང་བའི་གཞུང་ཞབས་པ”དང“མི་དམངས་ཡི་རང་བའི་གཞུང་ཞབས་པའི་ཐུན་མོང”ལ་གཟེངས་བསྟོད་ཚད་མཐོ་གནང་བ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་གཞུང་ཞབས་པར་བྱམས་བརྩེའི་ཐུགས་ཁུར་གནང་བ་བཅས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཡི་རང་བའི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ་དུས་རབས་གསར་པའི་གཞུང་ཞབས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག། རྒྱ་ཆེ་བའི་གཞུང་ཞབས་པས་སྣེ་ཁྲིད་དེ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་ངང་སྣེ་ཁྲིད་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཤེས་ཤིང་དོན་ལ་གནས་པ་བྱེད་ཅིང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་།ཆབ་སྲིད་ཀྱི་ཁ་ཕྱོགས།ཆབ་སྲིད་ཀྱི་རྩ་དོན།ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བ་བྱ་དགོས། སྣེ་ཁྲིད་དེ་མི་དམངས་གཙོ་བོར་འཛིན་པ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་མིག་དཔེ་བྱེད་པ་དང་། སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏོང་བའི་མིག་དཔེ་དང་། སྣེ་ཁྲིད་དེ་ལམ་ལུགས་བརྩི་སྲུང་དང་ལམ་ལུགས་ལག་བསྟར་གྱི་མིག་དཔེ། སྣེ་ཁྲིད་དེ་ཀུན་སྤྱོད་ལེགས་སྐྱོང་དང་རང་གཅུན་བློ་སྦྱོང་།སྤྱོད་གཙང་རིག་གནས་ཀྱི་རྒྱུན་སྐྱོང་བའི་མིག་དཔེ་བཅས་བྱ་དགོས། ཏང་གིས་གཞུང་ཞབས་པའི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ཏེ་ཏང་ཡིད་ཆེས་ཆོག་པ་དང་མི་དམངས་ཡི་རང་བའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ཞབས་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱ་དགོས།

ཏིང་ཞུའེ་ཞང་དང་། ཧུའུ་ཁྲུན་ཧྭ། ཧོང་ཁུན་མིང་། ཞའོ་ཅེ་བཅས་མཇལ་འཕྲད་ལ་ཕེབས་པ་དང་འབྲེལ་ཚོགས་ཆེན་ལ་ཞུགས། ཁྲེན་ཞི་ཡིས་མཇལ་འཕྲད་ལ་ཕེབས་པ་དང་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་ཐོག་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་སྤྲད་པ་རེད། གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་གི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་བྱས་པ་རེད།།

(ཨོ་རྒྱན་དོན་འགྲུབ་ཀྱིས་བསྒྱུར།)