ཀ་མ་ལ་དང་ཁ་བའི་ལང་ཚོས་རྣམ་སྒེག་ག་བུར་འོ་
མས་བཀྲུས་འདྲ་ང་ཁྱོད་འཛིན་པ་ཡེ་བྲལ་ཀློང་། །
ཅ་ཅོས་མ་བསྒོས་ཆ་ཤས་ཡོངས་གང་ཇ་སྐྱེམས་
ཆང་མངར་དབྱངས་སྙན་རོལ་བས་ཆུ་ནང་
ཉ་ཡང་ཀེར་གྱིས་ཉན། །
ཏ་ཐཱ་ག་ཏའི་དགོངས་དོན་ཐ་མལ་ཚིག་ཀྱོག་
ལས་དྲངས་ད་འདས་མ་འོངས་ཀུན་
མཁྱེན་ན་ཆུང་རི་དྭགས་མིག།
པ་སངས་མདངས་ལ་ཕ་ལམ་གཟི་འབར་
འདོད་འཇོའི་བ་བཞིན་མ་ལུས་
མཁའ་ཁྱབ་འགྲོ་བ་ཐུགས་རྗེའི་
དྲ་བར་ཉར། །
ཙ་རིའི་སྨྱུག་གཞོན་རླུང་གིས་ལྡེམ་འདྲ་ཚ་
གྲང་བཀྲེན་པས་མི་རེག་ཛ་ལང་གཏུམ་
པོ་ཝ་ལེར་ངང་གིས་བཏུལ། །
ཞ་ར་དག་ལ་བློ་གྲོས་མིག་སྩོལ་ཟ་འོག་རི་
མོའི་བཀྲག་བསྣུབས་འ་འུར་མི་དམིགས་
ཡ་མཚན་ངག་གི་ལྷ།
ར་བ་དཀར་པོའི་ཞིང་གི་ལ་ལུང་མཁས་
པའི་བསྟོད་ཚིག་ཤ་འོད་བརྡོལ་
བས་བསྒྲུན་མིན་ས་འཛིན་
སྒལ་བར་ལྕི། །
ཧ་རི་ལྗོན་པའི་བསུང་ངད་དྲི་གཞོན་བུ་
མོས་བརྐུས་པ་སྙན་ཚིག་གར་གྱིས་
ཆས་ཏེ་དབྱངས་ཀྱི་རྒྱལ་མོར་མཆོད། །
ཨ་དོན་སྐྱེ་མེད་དབྱིངས་ལས་བརྩེ་
བའི་མིག་ཞགས་ཨུཏྤལ་མདའ་ཡིས་
འཕངས་པ་བདག་སྙིང་གུར་
ཁྱིམ་རྩེན་ཅིག་གུ།
༼ སྐལ་བཟང་སྦྱིན་པ། ༽