01

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་གྲོལ་བ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན་བཅས་ཞུགས་པ། ཝང་ཧུའུ་ཉིང་གིས་གསུང་བཤད་གནང་བ། 2023年03月15日

སྤྱི་ཟླ3པའི་ཚེས11ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་གྲོལ་བ་རེད། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད་པའི་ཚུལ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ3ཚེས11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་ཟིན་རྗེས། ཚེས11ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་འདུར་འབོད་སྐུལ་གནང་དོན། མི་དམངས་སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་། རིམ་ཁག་རྩ་འཛུགས། རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་མཐུན། དཀའ་སྤྱད་ལས་སྒྲུབ་དང་འབད་འབུངས་མདུན་སྐྱོད་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས།

ཚོགས་འདུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་དང་། ཧུའུ་ཁྲུན་ཧྭ། ཧྲེན་གཡོད་གཡོད། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེང་ཀྲེན་དབྱིན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥུང་། ཅང་ཤིན་ཀྲི། ཅང་ཙུའུ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་གསུམ་པར་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་ཤིང་། ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་ཨུ་ཡོན2169ཕེབས་དགོས་པ་དང་། དངོས་སུ་ཨུ་ཡོན2119ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།

ཚོགས་འདུར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་དང་། གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད། ( པར་ངོས་བཞི་པར་གཟིགས།)