ཉེ་ཆར། འདབ་པ་རྫོང་གི་སྡེ་ཚན་ཁག་གིས་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་སོ་སོ་རུ“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་དང་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ཆེན་མོ”ཡི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡོད།
སྒྲོག་འགྲེལ་ཡུལ་དངོས་སུ་སྒྲོག་འགྲེལ་པ་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་གཙོ་དོན་ལ་གཞིགས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་མི་རིགས་མཐུན་སྒྲིལ་དང་གོམས་སྲོལ་སྒྱུར་བ། ཤེས་དཔལ་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས། ཡུལ་སྡེ་དར་རྒྱས་སོགས་ཀྱི་ལས་དོན་དང་སྦྲེལ་ཤིང་། གོ་བདེ་ཤེས་སླའི་སྐད་ཆ་ཐོག་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བསམ་པའི་ནང་དོན་བརྒྱུད་ཅིང་སྤྲད་པ་དང་། རྒྱ་ཆེ་བའི་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་བྲལ་ལ་ངོ་རྒོལ་བཅས་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། མང་ཚོགས་ཀྱིས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་མི་རིགས་ཀྱི་ཤེས་བྱ་ཤེས་རྟོགས་བྱེད་ཚད་སྔར་བས་ཆེ་རུ་བཏང་ནས། མི་རིགས་མཐུན་སྒྲིལ་གྱི་ས་བོན་རྩ་བ་ཚུགས་ཤིང་མྱུ་གུ་འབུས་པ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་མིའི་སེམས་ཀྱི་ཟབ་སར་བཅངས་སུ་བཅུག།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་དེ་མི་རིགས་མཐུན་སྒྲིལ་ལ་གཞིགས་ཏེ། དྲིལ་བསྒྲགས་སློབ་གསོའི་གལ་ཆེའི་རང་བཞིན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་གི་ལས་དོན་གྱི་སྣ་མང་རང་བཞིན་མངོན་གསལ་དོད་པ་རེད། ཚང་མས་སླད་ཕྱིན་གྱི་ལས་ཀའི་ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུས་གཙོ་ཕྱོགས་སུ་བྱས་ཏེ། རང་ཉིད་ནས་འགོ་བཙུགས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། མི་རིགས་ཁག་སེ་འབྲུ་ལྟར་མཐུན་འབྲེལ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)