01

བདེན་འཚོལ་དུས་དེབ་ཏུ་ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བར་འབྲེལ་བ་གལ་ཆེན་ཁག་གཅིག་ཐག་གཅོད་ཡག་པོ་བྱ་དགོས་ཞེས་པའི་རྩོམ་ཡིག་བཀོད། 2023年10月09日

སྤྱི་ཟླ10ཚེས1ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས19པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བར་འབྲེལ་བ་གལ་ཆེན་ཁག་གཅིག་ཐག་གཅོད་ཡག་པོ་བྱ་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་བཀོད་ཡོད།

རྩོམ་ཡིག་ནང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་མ་ལག་ཅན་གྱི་ལས་གཞི་ཞིག་ཡིན་པས། སྤྱི་ཡོངས་ལ་སྟངས་འཛིན་དང་། མ་ལག་ཅན་གྱི་འཆར་འགོད། ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་ལེགས་པར་བྱ་དགོས་ཞེས་བསྟན་འདུག།

རྩོམ་ཡིག་ནང་ཕྱོགས6གཙོ་གནད་དུ་ནན་སྟོན་གནང་བ་སྟེ། གཅིག་ནི་མཐོ་རིམ་ཇུས་འགོད་དང་ལག་ལེན་གྱི་འཚོལ་ཞིབ་བར་གྱི་འབྲེལ་བ་དེ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆེས་མཐོ་རིམ་གྱི་ཇུས་འགོད་ཅིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དུས་རིམ་དབྱེ་བ་དང་ཁྱབ་ཁོངས་དབྱེ་ནས་སྐུལ་འདེད་གཏོང་བ་ཞིག་ཡིན་ཞིང་། དུས་རིམ་སོ་སོའི་གོང་འཕེལ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་གོང་འཕེལ་འཐབ་ཇུས་དོན་འཁྱོལ་ཡོང་བ་བྱེད་པར་གཅིག་མཚུངས་སུ་མཐོ་རིམ་ཀྱི་ཇུས་འགོད་དགོས་ཀྱི་ཡོད། ཆབས་ཅིག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་འཚོལ་ཞིབ་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པ་དང་། ད་དུང་ཤེས་རྟོགས་མ་ཐུབ་པའི་ཁྱབ་ཁོངས་མང་པོ་ཡོད་པས། ང་ཚོས་ལག་ལེན་ཁྲོད་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པ་དང་། བསྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བ་ལས། གྲུ་ལ་རྟགས་བརྒྱབ་ནས་དཔའ་དམ་འཚོལ་བ་དང་། ཤིང་སྡོང་འོག་ཏུ་རི་བོང་སྒུག་པ་ལྟར་བྱ་མི་རུང་། གཉིས་ནི་འཐབ་ཇུས་དང་བྱེད་ཐབས་ཀྱི་འབྲེལ་བ་དེ་རེད། འཐབ་ཇུས་དང་བྱེད་ཐབས་ནི་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་འཇིག་རྟེན་ཁམས་ལ་བསྒྱུར་བཀོད་དང་། ལག་ལེན་ལ་བསྒྱུར་བཅོས། ལོ་རྒྱུས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཚོན་ཆ་ནུས་ལྡན་ཞིག་ཡིན། འཐབ་ཇུས་ཀྱི་སྔོན་མཐོང་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། བརྟན་ལྷིང་རང་བཞིན་བཅས་ཤུགས་ཆེ་རུ་བཏང་ཐོག། ལོ་རྒྱུས་དང་། དོན་དངོས། མ་འོངས་བཅས་སྦྲེལ་མཐུད་བྱེད་པ་དང་། ཀྲུང་གོ་དང་འཛམ་གླིང་སྦྲེལ་མཐུད་བྱས་ནས། ང་ཚོས་གཏན་ལ་ཕབ་པའི་འཐབ་ཇུས་དེ་དག་དོན་དངོས་དང་མཐུན་པ་དང་སྤྱོད་གོ་ཆོད་པོ་ཡོང་བར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཐབ་ཇུས་ཀྱི་འདེགས་སྐྱོར་ཤུགས་ཆེན་བྱ་དགོས། བྱེད་ཐབས་ཀྱིས་འཐབ་ཇུས་ཀྱི་ལག་བསྟར་ཐད་ཚན་རིག་དང་མཐུན་པའི་བྱ་ཐབས་མཁོ་འདོན་བྱེད་ཀྱི་ཡོད། འཐབ་ཇུས་ཀྱི་རྩ་དོན་རང་བཞིན་དང་འཐབ་ཇུས་ཀྱི་སྟབས་བསྟུན་རང་བཞིན་ཟུང་འབྲེལ་གང་ལེགས་བྱས་ནས། སྟབས་བསྟུན་ཚོར་སྐྱེན་དང་། སྐབས་བསྟུན་ཐབས་འཚོལ། བབ་བསྟུན་ཐག་གཅོད་བཅས་བྱེད་པ་དང་། ཡུལ་བབ་ལ་བསྟུན་པ་དང་། སྐབས་བསྟུན་འཕྲལ་མར་སྒྲུབ་པ། བབ་བསྟུན་སྟངས་འཛིན་བྱེད་པ་བཅས་ཀྱི་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་བདག་གིར་འཛིན་དགོས། གསུམ་ནི་དྲང་སྲུང་དང་གསར་གཏོད་ཀྱི་འབྲེལ་བ་དེ་རེད། དྲང་སྲུང་གསར་གཏོད་ནི་རང་རེའི་ཏང་གིས་དུས་རབས་གསར་པར་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་བསམ་བློའི་བྱ་ཐབས་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་འཚོལ་ཞིབ་ནི་རྒྱུན་འཛིན་ཁྲོད་གོང་འཕེལ་གཏོང་བ་དང་། དྲང་སྲུང་ཁྲོད་གསར་གཏོད་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་གསར་པའི་ནང་། དང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོ་དང་འབྱུང་ཁུངས། རྩ་བ་དང་བླ་སྲོག་དེ་ལེགས་པར་བསྲུང་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་རྒྱུན་འཁྱོངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁ་ཕྱོགས་ཡང་དག་ཡོང་རྒྱུར་འགན་སྲུང་བྱ་དགོས། དེ་དང་ཆབས་ཅིག། གསར་གཏོད་ནི་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཐོག། དུས་རབས་གོང་འཕེལ་གྱི་བླང་བྱ་དང་བསྟུན་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་དམིགས་པ། ཧུར་བརྩོན་ཆེན་པོས་འགྱུར་ལྡོག་ལ་རྒྱུས་ལོན་པར་བྱེད་པ་དང་། འགྱུར་ལྡོག་དང་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད། རིག་གནས་ཀྱི་གསར་གཏོད། དེ་བཞིན་ཆ་ཕྱོགས་གཞན་གྱི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གོང་འཕེལ་གྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་རྒྱུན་མི་ཆད་པར་གཏོད་པ། གོང་འཕེལ་གྱི་འགུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་པ་བཅས་བྱ་དགོས། བཞི་ནི་ཕྱོད་ནུས་དང་དྲང་སྙོམས་ཀྱི་འབྲེལ་བ་དེ་རེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་མ་རྩ་རིང་ལུགས་ལས་དེ་བས་ཆེ་བའི་ཕྱོད་ནུས་གཏོད་དགོས་ལ། དེ་བས་ལེགས་པའི་ཐོག་ནས་སྤྱི་ཚོགས་ཀྱི་དྲང་སྙོམས་ལ་སྲུང་སྐྱོང་བྱ་དགོས་པ་དང་། དེ་བས་ལེགས་པའི་ཐོག་ནས་ཕྱོད་ནུས་དང་དྲང་སྙོམས་གཉིས་ཕན་ཚུན་ལྟ་རྟོག་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་གཅིག་འགྱུར་ཡོང་བ་བཅས་བྱ་དགོས། ལྔ་ནི་གསོན་ཤུགས་དང་སྒྲིག་ལམ་གྱི་འབྲེལ་བ་དེ་རེད། དེང་རབས་ཅན་གྱི་ལོ་རྒྱུས་འཕེལ་རིམ་ནང་འབྲེལ་བ་འདི་ཐག་གཅོད་ཡག་པོ་ཐུབ་པ་བྱ་རྒྱུ་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གསོན་ཤུགས་ཀྱིས་ཕྱུག་ཀྱང་ཟིང་མི་ལང་བ་དང་། གསོན་ཤུགས་རབ་ཏུ་རྒྱས་ཀྱང་གོ་རིམ་ལྡན་པའི་སྒུལ་རྣམ་དོ་སྙོམས་ཤིག་མངོན་འགྱུར་ཡོང་བ་བྱ་དགོས་ངེས་ཡིན་ལ། བྱེད་ཀྱང་ཐུབ་པ་ཞིག་རེད། དྲུག་ནི་རང་ཚུགས་རང་སྟོབས་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འབྲེལ་བ་དེ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ངེས་པར་རང་བཙན་རང་བདག་དང་། རང་ཚུགས་རང་སྟོབས་རྒྱུན་འཁྱོངས་ཀྱིས། རྒྱལ་ཁབ་དང་མི་རིགས་ཀྱི་གོང་འཕེལ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་གནས་ཐོག་འཇོག་པ་རྒྱུན་འཁྱོངས་པ་དང་། རང་རྒྱལ་གོང་འཕེལ་ཡར་རྒྱས་ཀྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོང་དགོས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོང་འཕེལ་བར་ཁོངས་རྒྱ་སྐྱེད་གཏང་དགོས་ཞེས་བཀོད་ཡོད།།(ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་ནས་དྲངས།)