03

རྨོ་མོ་མ་གཤེགས་གོང་དུ། 2023年11月01日

རྨོ་མོ་མ་གཤེགས་གོང་དུ།

སྙན་ངག་བརྒྱ་ཙམ་བྲིས་འདུག་ཀྱང་།

དེ་དག་ནང་། རྨོ་མོར་བདག་པའི་སྙན་ངག་གཅིག་ལས་མི་འདུག །

རྨོ་མོ་མ་གཤེགས་གོང་དུ།

ས་ཆ་བརྒྱ་ཕྲག་འགྲིམས་མྱོང་ཡང་།

དེ་དག་ནང་། རྨོ་མོ་དང་ལྷན་ཅིག་བགྲོད་པའི་ས་ཆ་གཉིས་ལས་མི་འདུག།

རྨོ་མོ་མ་གཤེགས་གོང་དུ།

གཏམ་དཔེ་བརྒྱ་ལྷག་གསུངས་ན་ཡང་།

དེ་དག་ལས། ད་ལྟ་དྲན་པར་གནས་པ་གཏམ་དཔེ་གསུམ་ལས་མི་འདུག །

རྨོ་མོ་མ་གཤེགས་གོང་དུ།

མཛུབ་མོ་རི་སྟོན་བརྒྱ་རྩ་གནང་མོད་ཀྱང་།

དེ་དག་ལས། ངོས་འཛིན་གསལ་པོར་བྱུང་བ་ཁ་ཕྱོགས་བཞི་ལས་མི་འདུག །

རྨོ་མོ་མ་གཤེགས་གོང་དུ།

སྨོན་ལམ་བརྒྱ་གྲངས་བཏབ་ཡོད་ཀྱང་།

དེ་དག་ནང་། རྨོ་མོ་གཅིག་པུར་དབང་བའི་སྨོན་ལམ་གཅིག་ཀྱང་མི་འདུག་གོ།

༼ བསོད་ནམས་ལེགས་བཤད། ༽