རང་ཡུལ་ཕྱོགས་ལ་ཡོད་དུས།།
ཆུང་འདྲིས་སྙིང་གི་མེ་ཏོག།
ཡིད་ཀྱི་སྙིམ་པ་ནང་ན།།
དུང་དཀར་བཞིན་དུ་འཁྱིལ་ཡོད།།
ཁུ་བྱུག་མོན་ལ་འཕུར་དུས།།
ནམ་ཟླ་དགུན་ལ་སླེབས་སོང་།།
བདག་ནི་ས་མཐའ་འཁྱམས་དགོས།།
སྔོན་བསྐོས་ལས་དབང་ཡིན་འགྲོ།།
ལོ་གསུམ་ཞག་གསུམ་འདས་ཟིན།།
ཡུལ་གྱར་བུ་ཆུང་ང་ཡི།།
ཆུང་འདྲིས་སྙིང་གི་ཐིག་ལེ།།
སེམས་ཀྱི་སྒྲོམ་བུ་ནང་དུ།།
མ་བོར་ད་རུང་ཉར་ཡོད།།
དྲི་བྲལ་སེམས་ཀྱི་གཏམ་དེ།།
ཆུང་འདྲིས་ཕྱོགས་ལ་བསྐུར་ཡོད།།
རྒྱང་རིང་ས་མཐར་གནས་པའི།།
ཡུལ་གྱར་བུ་ཆུང་སེམས་སུ།།
ཆུང་འདྲིས་རྟག་པར་འཁོར་སོང་།།
དབྱིངས་ཀྱི་ཟླ་བ་དཀར་པོ།།
སང་དགོང་འདི་ལ་ལོག་དུས།
བྱམས་པའི་ཡིད་ཆུང་ས་ནས།།
བརྩེ་བའི་སེམས་གཏམ་རིང་མོ།།
ཁྱེར་ནས་ང་ལ་སྤྲད་རོགས།།
དུས་ཚོད་ཐག་ཐག་འཁོར་ཏེ།།
ཉིན་ཞག་ཆུ་བཞིན་བཞུར་ནས།།
ནམ་ཟླ་དཔྱིད་ཀ་སླེབས་སོང་།།
ཕ་ཡུལ་ཡིད་ལ་འཆར་བཞིན།།
ཆུང་འདྲིས་སྙིང་ནས་སེམས་བཞིན།།
རང་ཡུལ་ཕྱོགས་ལ་ཆས་ཡོད།།
ལམ་ཐག་རིང་པོ་ཡིན་ཡང་།།
བྱམས་པ་འུ་གཉིས་འཕྲད་པར།།
རྟོག་བཟོ་བྱེད་ཀྱིན་འོངས་བས།།
རང་ཡུལ་ཕྱོགས་ལ་སླེབས་ཚེ།།
རྟོག་བཟོ་ད་རུང་རྫོགས་མེད།།
གནས་འདིར་དཔྱིད་དཔལ་སླེབ་ཚེ།།
ཡུལ་གྱར་བུ་ཆུང་ང་རང་།།
ཕ་ཡུལ་པང་ལ་ལོག་ཡོད།།
བྱམས་པ་གནས་འདིར་མི་འདུག།
རང་ཡུལ་མི་ཡི་ཁ་ལས།།
ན་ནིང་སྟོན་ཁའི་དུས་ལ།།
ཡེ་སྒྲོལ་གནས་ལ་བུད་སོང་།།
ནོར་ལུག་མང་པོ་མངའ་བའི།།
ཕྱུགས་པོའི་བུ་གཅེས་ཤིག་གི།།
ཆུང་མ་རེད་ཅེས་གྲགས་ཀི།།
གཏམ་དེ་ཐོལ་གྱིས་ཐོས་ཚེ།།
སྐྱེས་པ་ཕོ་ངའི་མིག་ཆུ།།
སེམས་ཀྱི་གསེང་ལ་བཞུར་སོང་།།
ཡིད་ཀྱི་སྙིམ་པ་ནང་ན།།
ཡུན་རིང་བསྙོར་བའི་མེ་ཏོག།
ད་ནི་རྙིང་ནས་ཐོར་སོང་།།
མི་ཚེ་གཅིག་གི་སྨོན་ལམ།།
གལ་སྲིད་འགྲུབ་པ་ཡོད་ན།།
སྐྱེས་བ་ཕྱི་མ་ཟེར་བ།།
ཡོད་པའི་དབང་དུ་བཏང་ན།།
ང་དང་ཆུང་འདྲིས་གཉི་ག།
ཡར་འབྲོག་གཡུ་མཚོ་ཁ་ཡི།།
ཁྲུང་ཁྲུང་ཆ་གཅིག་སྐྱེ་དགོས།།
༼ གྱང་ཆག། ༽