01

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པར། བློ་བརྟན་འགྱུར་མེད་ངང་རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་ཞིང་རྩ་ཁྲིམས་འཐུས་ཚང་དང་འཕེལ་རྒྱས་ཡོང་བར་བསྐུལ་ནས་རྒྱལ་སྲིད་སྐྱོང་བར་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་དེ་བས་ཡག་པོ་བྱ་དགོས་པའི་ནན་གསུང་གནང་། 2023年12月11日

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་རྩ་ཁྲིམས་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་དང་། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རྩ་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས། རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་བཅའ་ཁྲིམས་ཀྱི་ཚད་གཞི་མཐོ་ཤོས་བཅས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གིས་རྩ་ཁྲིམས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་པར་ཤུགས་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་རྩ་ཁྲིམས་ཀྱི་ལག་ལེན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་བ། རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་འཛུགས་སྐྱོང་དང་རྩ་ཁྲིམས་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ་བཅས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རྒྱང་ལམ་གསར་པར་རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱར་སྲུང་སྐྱོང་བརྟན་པོ་བྱེད་པ་དང་། རྩ་ཁྲིམས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྲིད་སྐྱོང་རིང་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་དེ་བས་འདོན་སྤེལ་ཡག་པོ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱ་དགོས། ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་གནས་བབ་ལ་གཡོ་འགུལ་མི་གཏང་རྒྱུ་མཐའ་འཁྱོངས་དང་། རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་ལམ་ལུགས་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་གི་སྒྲིག་སྲོལ་ལ་གཡོ་འགུལ་མི་གཏང་རྒྱུ་མཐའ་འཁྱོངས་བྱ་དགོས། ( པར་ངོས་གཉིས་པར་གཟིགས།)