03

སྒུག། ༼ སྒྲུང་ཐུང་ཡིག་བརྒྱ་མ། ༽ 2023年12月11日

གློ་བུར་དུ། དུས་ཚོད་བཅུ་གཉིས་ལ་ཐོན། མཚན་གུང་གི་དུས་ཚོད་བཅུ་གཉིས་ལ་ཐོན་སོང་། ཚེ་འཛིན་སྒྲོལ་མ་ལམ་མདོའི་ཁོ་ཧྥེ་ཁང་དེ་རུ་མི་གཅིག་ཀྱང་མེད་པར་ཁེར་རྐྱང་ངང་བསྡད་འདུག ཁོ་ཧྥེ་ཁང་གི་གྱང་ངོས་སུ་ཆེ་ཆུང་དོ་མི་མཉམ་པའི་འདྲ་པར་དང་དཔེ་ཆ་གང་མང་ཞིག་འདུག། ཚེ་འཛིན་སྒྲོལ་མས་དེ་དག་ལས་དཔེ་ཆ་ཆེ་གྲས་ཤིག་བླངས་ནས་ཡང་ཡང་བལྟས། སྐབས་རེ་དཔེ་ཆ་དང་མིག་ཟུང་ཡ་བྲལ་དུ་གྱུར་ཏེ་ཁོ་ཧྥེ་ཁང་གི་སྒོ་ནང་ལ་མིག་ཟུང་ཡང་ཡང་ཕྱོགས། ཁོ་ཧྥེ་ཁང་གི་གྲུ་ཟུར་རེ་ནས་འོད་ཟེར་ཕྲན་བུ་རེ་འཕྲོ་འོངས་ཏེ། འོད་ཟེར་ཕྲན་བུ་དེ་དག་ནི་བྱིས་པ་ཞིག་གཉིད་ལ་འགུག་པའི་གླུ་དབྱངས་དང་འདྲ།

“ལོ་ལོ་མ་ངུ་གཉིད་ལ་སྡོད། །གཉིད་ལ་སྡོད་དང་རྟ་ཞིག་སྟེར། །རྟ་ལ་སྒ་ཞིག་སྟོད་ལ་སྟེར། །སྲབ་ལ་དར་ཞིག་འདོགས་ལ་སྟེར། །” ཚེ་འཛིན་སྒྲོལ་མའི་མགོ་ནང་ལ་གློ་བུར་དུ་གཉིད་ཅིག་རང་དབང་མེད་པར་འཁོར། མོས་སྒོ་འགྲམ་ལ་ལྟ་བཞིན་ལྟ་བཞིན་གླལ་བ་ཞིག་ཤོར། རབ་རིབ་མག་མོག་གི་མཆིལ་མ་ཞིག་མིག་མཐའ་ལ་ཡང་ཡང་བབས། སུ་ཞིག་ལ་སྒུག་པ་དང་འདྲ་བར། དུས་ཚོད་ལ་སྒུག་པ་དང་འདྲ་བར། ཡང་ན་མི་ཞིག་ལ་སྒུག་པ་དང་འདྲ་བར། ད་ལྟ་མོ་རང་ད་དུང་ཡང་ཁེར་རྐྱང་ངང་བསྡད་འདུག།

ནམ་ཡོངས་སུ་གསལ་ཟིན། ཁ་པར་ལས་དྲིལ་སྒྲ་ཞིག་སིང་སིང་དུ་གྲག་བྱུང་། སྙིང་དུ་སྡུག་པའི་དགའ་གྲོགས་ཀྱིས་ཁ་པར་བཏང་བྱུང་། “ ཝེ ”“མདང་དགོང་ཆང་འཐུང་མང་བས་གཉིད་དུ་ཤོར་འདུག ” མོས་ཅུང་ཟད་མ་འཐད་པའི་ཟོལ་གྱིས། “ཁོ་ཧྥེ་ཁང་དུ་ཡོང་རྒྱུ་ཡིན་ནམ།” མཚན་གང་བོར་བསྒུགས་པའི་གཏམ་ཚིག་གཅིག་ཀྱང་ངག་ནས་མ་ཤོད། ཕ་རོལ་པས་ཐེ་ཚོམ་ཅི་ཡང་མེད་པར། “ཡོང་རྒྱུ་མིན། ཕྱི་དྲོར་སློབ་ཐུན་ཡོད། གཟའ་འཁོར་རྗེས་མར་མཇལ་ཡོང་། བདེ་མོ ” ཁ་པར་སྒོ་ཐད་ཀར་གཏན་བཞག། “ཏཱོའི་ཏཱོའི” མོ་རང་ལ་ཧ་ཅང་ཐང་ཆད་པའི་རྣམ་འགྱུར་ཞིག་མངོན་ཏེ། འབོལ་སྟེགས་སུ་ཁེན་ནས་འགུལ་ཙམ་བྱས་ནས་ཁེན་ཙམ་བྱས། མག་མོག་གི་རྨི་ལམ་ལས་ད་དུང་ཡོངས་སུ་སད་མེད་པ་དང་འདྲ་ལ། རབ་རོབ་ཀྱི་འཚོ་བ་ཡང་ད་དུང་དངོས་སུ་འགོ་མ་བརྩམ་པ་དང་འདྲ།

ཁ་པར་ལས་དྲིལ་སྒྲ་ཞིག་སིང་སིང་དུ་གྲག་བྱུང་། ཁོ་མོས་ལག་སྙོབ་ཐེངས་འགའ་བྱས་ཏེ་ཁ་པར་ལག་ཏུ་བླངས་རྗེས། གཞན་གང་གིས་ཀྱང་ཁ་པར་བཏང་བ་དང་བརྡ་འཕྲིན་བསྐུར་བ་སོགས་མིན་པས། རང་འགུལ་ངང་དུས་ཚོད་ཀྱི་དྲིལ་བརྡ་གཏོང་བཞིན་འདུག། དུས་ཚོད་དྲུག་དང་ཕྱེད་ཀ་རེད། མོས་མིག་གཉིས་འཕུར་འཕུར་གཏོང་བཞིན་ཡར་ལྟ་མར་ལྟ་ཞིག་བྱས་རྗེས། མོ་རང་ད་དུང་ཡང་ཁོ་ཧྥེ་ཁང་དེ་རུ་ཁེར་རྐྱང་ངང་གཉིད་ནས་ད་གཟོད་སད་འདུག ། ཁོར་ཡུག་ཀུན་ཁུ་སིམ་མེར་གྲག་འགུལ་གང་ཡང་མེད་པར་དངོས་གནས་ཁེར་རྐྱང་རེད། མོས་སུ་ཞིག་ལ་བསྒུག་ཏེ་ནམ་ཡོངས་སུ་གསལ་སོང་བའི་བདེན་དཔང་མོ་རང་ལ་ཡང་མེད་པ་འདྲ། ད་དུང་ཡང་བསྒུག་དགོས་པ་འདྲ། ཁོམོས་ངོ་གདོང་ཡོངས་ལ་ཐེ་ཚོམ་གྱི་མདངས་ཤིག་བསུས་ཏེ། ལག་འགོའི་དུས་ཚོད་འཁོར་ལོ་ལ་བལྟ་བཞིན་བསྡད། ཁོ་ཧྥེ་ཁང་གི་སྒོ་ནས་མི་ཞིག་དལ་མོར་འོངས་ཏེ་མོའི་རྒྱབ་ཕྱོགས་ནས་ལངས། མོས་གང་ཡང་ཚོར་གྱིན་མེད་པ་འདྲ།

ཁོས་ཁ་གྲག་བྱུང་། “ཚེ་འཛིན་སྒྲོལ་མ་ཁྱོད་ཀྱིས་དུས་ཚོད་ཆུད་ཟོས་སུ་གཏོང་བ་རེད”

“ མིན། ངས་དུས་ཚོད་དམ་འཛིན་དང་དུས་ཚོད་ལ་སྒུག་པ་ཡིན། ཡང་ན….” ༼ ཧུན • དུར་རོ། ༽