ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཉེ་ཆར《ཞིང་ལས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་དྲ་བ་དང་ལྟ་ཞིབ་ཚད་ལེན་གྱི་ལས་འགན་ལེགས་སྒྲིག་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཀྲམ་ནས་རང་རྒྱལ་གྱི་ཞིང་ལས་གནམ་་གཤིས་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་དྲ་བ་དང་ལྟ་ཞིབ་ཚད་ལེན་གྱི་ལས་འགན་ལེགས་སྒྲིག་ཐེངས་བཞི་པ་བྱ་རྒྱུ་ཡིན་ལུགས་གསལ་པོ་བཏོན་པ་དང་། ཇུས་གཞི་གཞིར་བཟུང་། རྒྱལ་ཡོངས་ཞིང་ལས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་ཁག2304བར་མང་དུ་བཏང་སྟེ། རྒྱལ་ཡོངས་ལ་ཁྱབ་པའི་འབྲུ་རིགས་ཐོན་སྐྱེད་ཁུལ་གཙོ་བོ་དང་།ལྟ་ཞིབ་ཚད་ལེན་གྱི་ལས་འགན་ནང་འབྲུ་རིགས་དང་། སྲིང་བལ། པད་ཁ་དང་ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་དང་། རང་འགུལ་ལྟ་ཞིབ་ཚད་ལེན་དང་མི་ཐབས་ལྟ་ཞིབ་ཚད་ལེན་གསབ་རེས།དེང་རབས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ལ་འཚམ་པའི་ཕྱོགས་བསྡུས་ཞིང་ལས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་དྲ་བ་བཅས་ཚུད་པའི་མ་ལག་གསར་པ་ཆགས་པར་བྱེད་རྒྱུ་ཡིན་པ་རེད།
《ཇུས་གཞིའི》ནང་ཁ་གསལ་བཏོན་དོན།སྔར་ཡོད་ཀྱི་མི་ཐབས་ལ་བརྟེན་པའི་ཞིང་ལས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཁག653ལ་ལེགས་སྒྲིག་བྱ་རྒྱུ་དང་ལེགས་སྒྲིག་བྱས་རྗེས་ཀྱི་མི་ཐབས་ལ་བརྟེན་པའི་ཞིང་ལས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཁག642ལ་འགྱུར་རྒྱུ་རེད།རྒྱལ་ཡོངས་ཀྱི་ཞིང་ལས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ནང་ཁྱབ་ཚད་མི་འདང་བའི་འབྲུ་རིགས་ཐོན་སྐྱེད་ནུས་པའི་ཁུལ་དང་། ཞིང་ལས་ཐོན་རྫས་སྲུང་སྐྱོང་ཁུལ་གཙོ་བོ། ཁྱད་ལྡན་ཞིང་ལས་ཐོན་རྫས་ལེགས་ཆའི་ཁུལ་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཁུལ་སོགས་ཁྱབ་ཁོངས་སུ་རང་འགུལ་ཅན་གྱི་ཞིང་ལས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་ཁག1662བསྐྲུན་ནས་འབྲུ་རིགས་ཀྱི་ཐོན་སྐྱེད་ཁུལ་གཙོ་བོར་ལྟ་ཞིབ་ཚད་ལེན་ས་ཚིགས་མེད་པའི་སྟོང་ཆ་བསྐང་རྒྱུ་ཡིན་པ་རེད།སྐབས་དེར་རྒྱལ་ཡོངས་ཀྱི་ཞིང་ལས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་ཁག2304བར་མང་དུ་འགྲོ་རྒྱུ་ཡིན་པ་རེད།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)