03

ལོ་སར་བསུ་བའི་ཚིག་ གི་ཤམ་བུ། 2024年02月26日

ལོ་རྙིང་སེམས་ཀྱིས་སྐྱེལ་མ་ལན་གསུམ་ཞུ།།

འདས་པའི་བྱ་གཞག་གྱེས་ཕྱག་ཚར་གསུམ་འཚལ།།

དགུ་ཐུག་ཞིམ་མངར་མྱོང་བ་སྟབས་གཅིག་ཏུ།།

ཉིས་སྟོང་ཉེར་གསུམ་རྫོགས་ཚིག་རི་མོ་འགོད།།

གངས་ཀྱི་དབུ་རྩེ་ཉི་མའི་འོད་རིས་འཛུམ།།

ལྷུན་གྱིས་བཞུར་བའི་སྤྲིན་པ་ལང་ལོང་གཡོ།།

བསིལ་ལྡན་འཛིན་མའི་ཁྱོན་དུ་བཀྲ་ཤིས་པའི།།

གཡང་ལོ་གསར་བའི་ལང་ཚོ་ལྷོད་ཀྱིས་གྲོལ།།

ཚེས་གཅིག་བསང་དུད་ཨ་སྔོན་དགུང་ལ་འདྲེས།།

དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་གྱུར་ལས།།

མཆོད་བཤམས་གཙང་མ་ལྷ་དང་ལྷ་མོའི་ཚོགས།།

ཐུགས་བཞེད་དགྱེས་ཕྱིར་དང་བས་དབུལ་བར་བྱ།།

བཀའ་དྲིན་ཆེ་བའི་ཚེ་གཅིག་ལས་ཀྱི་མགོན།།

ཐུགས་བརྩེ་ཟབ་པའི་ཡབ་ཡུམ་རིན་ཆེན་ཉིད།།

ཟས་རིགས་སྣ་མང་སྡེར་ཁ་རང་བསྒྲིགས་ནས།།

དྲིན་ཤེས་ཀློང་ནས་དགའ་སྤྲོས་སྐྱོང་བར་བྱ།།

ཁ་མཐུན་ཁོག་འདྲིས་ན་ཟླ་སྙིང་དབུས་གཉེན།།

རྩེད་ཡ་དགོད་རོགས་ལུང་པ་གཅིག་ཏུ་འཚོ།།

མཛའ་མཐུན་ལག་གདང་དཔུང་པ་མཉམ་གཤིབ་ཞོར།།

གླུ་ལེན་གར་རྩེད་ལོ་གསར་ལྷན་དུ་རོལ།།

སྒང་པ་བོད་ཀྱི་ལུགས་སྲོལ་མ་ཉམས་འོག།

དུས་ཀྱི་ཅོང་བརྡའི་གྲིབ་གཟུགས་མ་བྲལ་བར།།

དེང་རབས་སྤྱི་ཚོགས་ཁམས་དང་མཐུན་པ་ཡི།།

གནམ་ལོ་གསར་པའི་དགའ་སྟོན་དཔལ་ལ་རོལ།།

ཁ་ལས་ཁྱུང་ཆེན་རྒོད་པོ་འཕུར་རྩལ་རྒྱས།།

དཔའ་གཏུམ་རྒྱ་སྟག་དམར་པོ་འཛུམ་དྲུག་བཀྲ།།

ཁ་རྗེ་སེང་ཆེན་སྤོབས་པས་ས་ཆེན་བཀབ།།

དབང་ཐང་གཡུ་འབྲུག་ལྡིར་སྐད་འཛམ་གླིང་ཁྱབ།།

བསོད་ནམས་གསེར་གྱི་ས་གཞིའི་པང་ཐོག་ཏུ།།

བདེ་སྐྱིད་ལོངས་སྤྱོད་ཀུན་གྱིས་བྱུག་གྱུར་ནས།།

བཀྲ་ཤིས་ལོ་སར་ལེགས་ཚོགས་ཇི་སྙེད་པ།།

བདེ་ལེགས་ངང་ནས་སྙན་ཚིག་ངག་གིས་བསུ།།

༼ གངས་ཆབ་ལྷ་སྲས། ༽