འབྲུ་རིགས་བསྐམ་པ་སོགས་ཡིན། འདིའི་ཞིང་པ་ཚོས་རྒྱུ་ཕུན་སུམ་ཚོགས་པ་དེ་དག་ལ་འབྲས་བུ་ལེགས་པ་འབྱུང་བ་ལ་ད་དུང་ངེས་པར་དུ་རྒྱབ་རྟེན་བསོད་ནམས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་བསག་དགོས་པའི་ཡིད་ཆེས་བྱེད་པ་ཡིན། དེ་བས་མཆོད་པ་ཕུལ་བ་དང་། སྦྱིན་པ་བཏང་བ། ཆུ་གཏོར་དང་གསུར་བཏང་བ་སོགས་ལོ་ཏོག་གི་རིམ་གྲོ་སྣ་ཚོགས་བསྒྲུབས་པ། ཞིང་ལས་སོ་ནམ་གྱི་བྱེད་སྒོ་སྣ་ཚོགས་སུ་རྟེན་འབྲེལ་ཚུལ་བཞིན་དུ་བསྒྲུབས་པ། ཐ་ན་བཟའ་བཏུང་འཕྲོ་བརླག་མི་བྱེད་པ་དང་ཕོར་སྣོད་བགོམ་ཞབས་མི་གཏང་བ་ལྟ་བུ་སོགས་བསོད་ནམས་ཀྱི་རྒྱུ་བསགས་ཤིང་མི་འཛད་པར་བྱེད་པ་ནི་ཞིང་པ་མང་ཚོགས་ཀྱི་སྤྱི་པའི་ལུགས་སྲོལ་དང་མི་སྒེར་གྱི་སྤྱོད་ལམ་གོམས་གཤིས་སོགས་འཚོ་བའི་སྒོ་ཀུན་ན་དུས་དང་རྣམ་པ་ཀུན་ཏུ་མངོན་བཞིན་ཡོད་པས་ལོགས་སུ་ཕྱེ་ན་བརྗོད་མི་ལོང་བར་གྱུར་ཡོད།
ཡུལ་འདི་ན་སྔར་གྱི་ཞིང་པ་ཚོས་སོ་ནམ་གྱི་ལས་ཀ་དེ་དག་འཐུས་ཚང་བ་དང་སྤུས་དག་པ་བསྒྲུབས་པ་ལ་ཤིན་ཏུ་འདང་ཆེན་པོ་དང་ནན་ནན་ཏན་ཏན་བྱས་པར་མ་ཟད། སྒྲུབ་པའི་སྐབས་ལའང་དུས་རིམ་དང་ཆོ་ག་ངེས་ཅན་ཡོད་པ་སྟེ། རྨོན་མཛོ་གསོ་བ་དང་། ཆུ་བཅུས་པ། ལུད་སྐྱ་བ། སྤོ་ཐོ་བརྡུང་བ། སོན་འདེབས་པ། དཔྱིད་རྨོས་བྱེད་པ། ཡུར་མ་ཡུར་བ་བཅས་ནི་དཔྱིད་ཀའི་ལས་ཀ་གཙོ་བོ་དང་། རྩྭ་ལྡུམ་འབལ་བ། དབྱར་སློག་གཅོད་པ་ནི་དབྱར་གྱི་ལས་ཀ་གཙོ་བོ། སྟོན་ཐོག་རྔ་བ་དང་སྐྱ་བ་དང་ཕྱར་རྡུང་བྱེད་པ། སྟོན་སློག་རྒྱག་པ་ནི་སྟོན་ཀའི་སོ་ནམ་གཙོ་བོ། ལུད་རྫས་སྡུད་པ་དང་། ཆོས་དགེ་བའི་ཆོ་ག་སྒྲུབ་པ། བལ་འཁེལ་བ། ཐགས་འཐག་པ། ལྕི་འབུད་ཤིང་འཐུ་བ། ཁབ་བཙེམ་གོས་དྲུབ་བྱེད་པ་སོགས་ནི་དགུན་ཁའི་བྱ་བ་གཙོ་བོ། ལུད་གསོག་པ་ནི་དུས་བཞིར་བྱེད་དགོས་པའི་ལས་ཀ་བཅས་ཡིན། དགུན་གྱི་བྱ་བ་མང་ཆེ་ཤས་དང་ནམ་རྒྱུན་སྒོ་གསུམ་དགེ་ལ་སྦྱོར་ཞིང་ཉེས་ལ་བྱོལ་བའི་སྤྱོད་ལམ་ཕལ་མོ་ཆེ་ཡང་ལོ་ལེགས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་བསགས་པ་དེ་ལ་འབྲས་བུ་ལེགས་པ་འབྱུང་བའི་རྒྱབ་རྟེན་བསོད་ནམས་བསག་པར་འབད་པ་ཞིག་ཏུ་གྱུར་ཡོད།
ཞིང་པ་དེ་དག་ལས་བཟང་པོ་རྣམས་ཀྱིས་ལོ་ཏོག་ལ་སོ་ནམ་བྱེད་པ་ནི་འཇིག་རྟེན་ན་ཕ་མ་བཟང་པོ་ཚོས་བུ་རྒྱུད་གསོ་སྐྱོང་བྱེད་པ་དང་ཤིན་ཏུ་འདྲ་སྟེ། ཕ་མ་བཟང་པོས་མིའི་ལུས་ངག་གི་བྱ་བ་རྣམས་དྲག་པོས་སྒེར་གྱིས་གཅད་ཐུབ་ཀྱང་རྩ་བ་ཡིད་ཀྱི་འགྱུར་བ་ནི་བརྩེ་བས་ཕྱུག་པའི་ཞི་བ་ཁོ་ནས་ཁ་ལོ་བསྒྱུར་དགོས་པ་ཤེས་པས་བྱིས་པ་མིའི་འཚར་ལོངས་ཀྱི་ཆོས་ཉིད་ནང་ལྟར་ངང་རྒྱུད་རིང་ཞིང་སྐྱོ་བ་མེད་ལ་ཐུགས་བརྩེ་བ་ཆེན་པོས་བཟུང་སྟེ་སྐྱེད་སྲིད་བྱེད་པ་བཞིན་ཞིང་པ་བཟང་པོ་ཚོས་ཀྱང་ལོ་ཏོག་ལེགས་པར་སྨིན་དགོས་པའི་ལས་རིམ་ཚང་མ་ཕྱིའི་རྣམ་པའི་རྣམ་གྲངས་ཚང་བ་ཙམ་དུ་མི་ཟད་པར་ཡུལ་ལ་ཡོད་པའི་རྟེན་འབྲེལ་གྱི་གནས་ལུགས་ཇི་ལྟ་བཞིན་དུ་དགའ་ཞིང་སྤྲོ་བའི་ངང་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་སྤུས་དག་ཅིང་འཐུས་ཚང་པ་ཁོ་ན་བྱེད་པ་ཡིན། གཤམ་དུ་སོ་ནམ་གྱི་བྱེད་སྒོ་དེ་དག་རྒྱུ་ཕུན་སུམ་ཚོགས་པ་བསགས་པའི་སོ་ནམ་གྱི་རིམ་པ་དང་འབྲས་བུ་གཡུར་ཟ་བའི་སོ་ནམ་གྱི་རིམ་པ་གཉིས་སུ་ཕྱེ་ནས་རིམ་གྱིས་ཞིབ་ཏུ་བརྗོད་པ་ལ། སྐབས་སུ་བབས་པ་ནི་དཔྱིད་རྨོས་ཀྱི་གྲབས་སུ་བྱེད་པའི་སོ་ནམ་རྣམས་སོ།།
དེ་ཡང་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བའི་རྒྱུ་ཡི་སོ་ནམ་དེ་དག་ལས་ལུད་སྐྱ་བ་དང་། རྨོན་མཛོ་གསོ་བ། སྤོ་ཐོ་རྡུང་བ། ས་བོན་འདེབས་པ་བཅས་ནི་དཔྱིད་ཀྱི་རྨོན་གྲབས་བྱེད་པའི་ལས་ཀ་གཙོ་ཆེན་བཞི་ཡིན་ཞིང་། ཡུལ་འདི་ལ་མཚོན་ན་དུས་སྐབས་འགའ་རེར་ད་དུང་ཞིང་ཆུ་འདྲེན་པའང་དཔྱིད་རྨོས་ཀྱི་གྲབས་སུ་གྱུར་པ་ཡིན། ལས་དེ་དག་ནི་ཕ་མ་བཟང་པོས་བུ་རྒྱུད་སྐྱེ་དང་གསོ་བ་ལ་དགོས་པའི་མཐུན་རྐྱེན་ཡོངས་སུ་རྫོགས་པ་མ་སྐྱེ་པའི་སྔོན་ནས་ཐལ་ལུས་འཐུས་ཤོར་མེད་པས་ཚགས་ཚུད་བྱུང་བ་དང་མཚུངས་བཞིན་ཡོད། དེ་ལས་ལུད་ཀྱི་སོ་ནམ་སྔོན་ན་ཞུས་ཟིན་པས་ད་ནི་གཞན་བཞི་པོའི་སྲོལ་རྒྱུན་གྱི་བྱེད་སྲོལ་རྣམས་སོ་ནམ་རྒན་པའི་ངག་ལས་ཐོན་པ་ལྟར་བརྗོད་པར་བྱའོ།།
ཀ། རྨོན་མཛོ་གསོ་བ། སྔོན་ཆད་དཀར་མཛེས་ཡུལ་གྱི་ས་སྟོད་སྨད་བར་གསུམ་གང་ན་སོང་ཡང་རྨོད་བྱེད་གཙོ་བོ་ནི་མཛོ་ཡིན་ལ། ཆ་རྐྱེན་ཡོད་པ་རྣམས་ཀྱིས་མཛོ་དོར་གཉིས་གསུམ་གྱིས་མཉམ་གཅིག་ཏུ་རྨོད་པ་དང་། རྨོན་མཛོ་གསུམ་ཡོད་པ་ཚོས་མཛོ་རེས་སུ་བསྐོར་ནས་ཉིན་སྦྲེལ་ཏེ་རྨོད་པ་ཡིན། དོར་གཅིག་ལས་མེད་ན་ཉི་མ་གཉིས་རེའི་བར་ན་ཉིན་རེ་ངལ་གསོ་དགོས། མཛོ་དོར་གྱི་ཆ་རྐྱེན་མ་ཚང་ན་གཡག་དང་རྟ་ལའང་རྨོ་མོད། འོན་ཀྱང་གཡག་ནི་དབུགས་སྣ་ཐུང་ལ་འཚབ་འཚུབ་ཆེ་སྟབས་རྨོད་བྱེད་བཟང་པོར་རྩི་སྲོལ་མེད། རྟས་རྨོ་བ་ལ་རྟ་དོར་རྒྱག་ཅེས་ཟེར་ཞིང་གཉིས་ཡོད་ན་གཉིས་དང་མེད་ན་གཅིག་གིས་ཀྱང་རྨོ་ཆོག་མོད། མཛོ་བཞིན་དུ་ཡུན་རིང་དཀའ་ལས་མི་ལྕོགས་གཤིས་རྨོད་མཁན་ཡང་ཤིན་ཏུ་ཉུང་། རྨོད་དུས་སུ་རྨོན་དོར་གཅིག་ལ་མཛོ་དང་མཛོའམ། མཛོ་དང་གཡག། གཡག་དང་གཡག། རྟ་དང་རྟ་བསྡེབས་ནས་གཉའ་བཅའ་བ་ལས་རྟ་མཛོ་བསྡེབས་ནས་རྨོ་སྲོལ་མེད། དོར་གཅིག་ལས་ཤུགས་འདོན་མཁན་དང་ཁ་ལོ་འཚོ་མཁན་གཙོ་བོ་ནི་གཡས་ཕྱོགས་རོལ་ནག་ཏུ་སྦྲེལ་བ་དེ་ཡིན་ཕྱིར། རྨོད་བྱེད་གཉིས་ཀ་མཛོ་ཡིན་ན་སྟོབས་དང་ཤེད་ཤུགས་ཆེ་ཞིང་རྨོས་བའི་ཉམས་མྱོང་ཡོད་པ་དེ་རོལ་ནག་དང་སྟོབས་ཆུང་བ་གཡོན་གྱི་རོལ་དཀར་དུ་བཏང་ལ། མཛོ་གཡག་དོར་གཅིག་ཡིན་ན་གཡག་རོལ་དཀར་དང་མཛོ་རོལ་ནག་ལ་བཏང་། མཛོ་གསར་པར་རྨོས་སློབ་པ་ལ་གཉའ་ཕབ་ཟེར། གཉའ་ཕབ་དུས་སྟོན་རྨོས་སྐབས་སུ་རོལ་དཀར་དུ་སྦྲེལ་པ་ལས་དཔྱིད་རྨོས་དང་རོལ་ནག་ཏུ་གཉའ་ཕབ་པ་མིན། རྒྱུ་མཚན་ནི་དཔྱིད་རྨོས་སུ་ས་འཐེན་ཁ་ཡང་བས་གཉའ་ཤེད་ཆུང་བར་འགྱུར་གྱི། སྟོན་རྨོས་སུ་ས་འཐེན་ཁ་ལྗིད་པས་གཉའ་ཤེད་ཆེ་བར་གྱུར་པས་ཡིན། རོལ་ནག་ཏུ་སྦྲེལ་ན་མཛོ་གསར་པ་ལ་ད་དུང་ཤེད་ཤུགས་རྒྱས་མེད་པས་ཧལ་རྫོགས་པའམ་ཐང་ཆད་དེ་རྗེས་སུ་རྨོ་འཐེན་མི་ནུས་པར་འགྱུར་ཉེན་ཡོད། བྱ་རོག (སྐར་མ་མེ་བཞིའང་ཟེར།)ལ་ཁ། རྨོན་མཛོ་ཆུ་ཁ་ཞེས་པ་ལྟར་སྤྱིའི་ཆ་ནས་དཀར་མཛེས་ལུང་པའི་ས་ཆ་ཕལ་མོ་ཆེ་ན་ཞོགས་ནམ་གསལ་བའི་སྐབས་སྐར་མ་བྱ་རོག་ནུབ་རིའི་ལ་ཁ་ནས་མར་ཡལ་འགྱུར་བའི་དུས་ལ་སླེབས་སྐབས་དཔྱིད་རྨོས་ཀྱི་དུས་ལ་ཟླ་བ་གཅིག་ཡན་མན་ལས་མེད་པར་འགྱུར་བ་ཡིན། དེར་བརྟེན་རྨོད་མཛོ་ཁྱིམ་དུ་བཏགས་ཏེ་གསོ་མགོ་བཙུགས། དེའི་དུས་མཛོའི་སྣ་ཐག་དང་སྣ་གཅུ་བརྗེ། རྭ་ཅོ་ལ་སྣུམ་བྱུགས། རྣ་བར་རྩིད་དོམ་དམར་པོའི་སྣ་ཚར་དང་གྲུམ་པའི་ལྤགས་པ་སོར་མོ་གཅིག་ཙམ་ཡོད་པས་བརྒྱན། ཆེད་དུ་ནས་ཀྱིས་མཛོ་ཆང་བཙོས། ཆང་གླུམ་རྐྱང་པའམ་རྟ་ཕྱེ་དང་མཉམ་དུ་ཧུབ( ཐུག་པ)བསྐོལ་ནས་ཉིན་རེར་རྭ་གཟར(ཡུལ་སྐད་དུ་རྭ་ཅོས་བཟོས་པའི་ཕྱུགས་ལ་ཚྭ་སོགས་ལྡུད་བྱེད་ཀྱི་ཚྭ་རྭའི་མིང་། )བདུན་བརྒྱད་རེ་ལྡུད་བ་སོགས་དུད་ཚང་ལ་ཆ་རྐྱེན་བཟང་ངན་དབྱེ་བ་མེད་པར་ཚང་མས་ཕ་མ་ལ་སྲི་ཞུ་སྒྲུབ་པ་བཞིན་དུ་གསོ་བ་ཡིན། རྨོན་ལས་བྱེད་བཞིན་པའི་སྒང་ལའང་ཞོགས་སྔ་མོ་སྐྱ་རེངས་མ་ཤར་གོང་ནས་བདག་པོས་རྩྭ་བླུགས་ཏེ་ལྟོ་བ་འགྲངས་པ་བྱས་ཟིན་ལ། སྐྱ་རེངས་ཤར་བ་དང་གཉའ་བཅོས་ནས་ཞིང་རྨོ་འགོ་བརྩམས། དེ་ནས་ཕྱི་དྲོའི་བར་དུ་ཇ་ཐུན་གཉིས་འཐུང་བའི་དུས་སུའང་རྟ་ཕྱེའི་སྤགས་བསྒོངས་པ་དང་རྩྭ་སྔོན་ཞེས་དབྱར་རྩྭ་སྐམ་པོའི་ལྟོ་ཟས་ཡིད་ཚིམ་པ་སྟེར། ཕྱི་དྲོ་སྔ་མོ་ནས་གཉའ་གྲོལ་ཏེ་རྩྭ་ཆུ་གྱ་ནོམ་པར་ལོངས་སུ་སྤྱོད་བཞིན་ངལ་གསོ་རུ་བཅུག་པ་ཡིན། དཔྱིད་རྨོས་ནི་དབྱར་སློག་དང་སྟོན་སློག་ལྟ་བུ་ས་འཐེན་ཁ་ལྗིད་པོར་མེད་ནའང་རྨོན་མཛོ་དམིགས་བསལ་གྱིས་གསོ་དགོས་པ་ནི་གཙོ་བོ་དཔྱིད་ཀར་ཆུ་དང་ཉི་མ་སྡུག། ཉིན་རིང་མཚན་ཐུང་། སྐྱ་ཟད་སྔོ་གཏུགས་ཀྱི་དུས་སུ་སྒོ་ཟོག་ཤ་ཤེད་ཤིན་ཏུ་ཞན་པའི་དབང་གིས་ཡིན་གྱི། སྟོན་ཀར་ཕྱུགས་ཟོག་ཤ་ཤེད་ཤིན་ཏུ་རྒྱགས་པས་སྟོན་སློག་ལ་མཛོ་དམིགས་བསལ་གྱིས་གསོ་བ་མིན། མདོར་ན་མཛོ་རྒན་བཤན་ལ་མ་ཕབ། ལྷ་སྐུ་ནོར་དང་མ་བརྗེ་ཞེས་མི་ཚོས་རྨོད་བྱེད་མཛོ་ལ་གཡང་དང་ནོར་བུར་བརྩིས་ནས་ལྷ་སྐུ་ལྟ་བུའི་འདུ་ཤེས་འཛིན་ཞིང་བུ་རྒྱུད་བཟང་པོས་ཕ་མ་གཡོག་པ་བཞིན་དུ་བཀའ་དྲིན་གསོ་བར་མ་ཟད། རྨོ་ནུས་མེད་པའི་རྒས་འཁོགས་སུ་སླེབས་རྗེས་ཀྱང་རང་གིས་མི་བཤའ་གཞན་ལ་བཤས་ཚོང་མི་བྱེད་པར་ཚེ་ཐར་བཏང་ནས་གཡོག་དང་བྱམས་སྐྱོང་གིས་ཚེ་ཡི་མཐའ་མར་བསྐྱལ་བར་བྱས། ཤི་རྗེས་ཀྱང་མཛོའི་མགོ་རུས་ཆ་ཚང་བར་ཡི་གེ་དྲུག་མ་སོགས་བྲིས་ནས་ཁང་པའི་གདོང་སོགས་ལ་འགེལ་བའམ། གནས་རི་དང་། བྲག་ངོས། དུར་ཁྲོད། ས་གཙང་མ་སོགས་གནས་དམིགས་བསལ་ཅན་དུ་སྐྱེལ་བ་དང་། ཀོ་ལྤགས་ཀྱིས་དུང་འཁོར་གཡོགས་པ་སོགས་ཆོས་ཕྱོགས་སུ་གཏོང་བར་བྱེད། ཕན་ལྷག་པར་ཡུན་རིང་ཐོགས་མྱོང་བའི་སྒོ་ཕྱུགས་རྣམས་ཚེ་བརྒྱང་ཞེས་སྦུབས་བཤུས་བྱེད་པའི་རླིད་བུར་རྩྭ་སོག་བརྫངས་ནས་གཡང་རྟེན་དུ་ཁང་པའི་གདུང་ཟུར་སོགས་ལ་བཤམས་ཏེ་མི་རབས་སུ་ཉར་བ་ཡིན། མཛོ་དང་མཛོ་མོ་བཤའ་བ་ནི་ཕ་མ་བསད་པ་དང་ཁྱད་པར་མེད་ཅེས་ཉེས་པ་ཤིན་ཏུ་ཚབས་ཆེ་བར་བརྗོད་ལ། གལ་ཏེ་རྨོན་མཛོ་རྒས་འཁོགས་བཤས་ར་རུ་བརྫངས་པའམ་བདག་མེད་དུ་བཏང་བ་འགའ་རེ་མཐོང་ན་ཡུལ་མི་ཀུན་གྱིས་ཤིན་ཏུ་མ་རབས་དང་རྒྱུ་འབྲས་ལ་མི་རྩི་མཁན་གྱི་སྐྱེ་བོ་མི་གཞི་ངན་པའི་རིགས་སུ་བགྲངས་ནས་འཕྱ་སྨོད་དང་མཐོང་ཆུང་བྱེད་སྲོལ་ཡོད། སྤྱིར་བཏང་མིའི་འཚོ་གནས་ལ་དགོས་མཁོ་ཆེ་བའི་རྨོན་ཟོག་ལ་ཤིན་ཏུ་གཙིགས་ཆེར་བཟུང་བའི་ལུགས་སྲོལ་ནི་མི་རིགས་གཞན་ལའང་ཡོད་པ་སྟེ། དཔེར་ན་གནའ་དུས་སུ་རྒྱ་མི་རིགས་ཀྱིས་ཀྱང་ཟོག་ར་བྱ་ཕག་བཅས་པའི་ཤ་རིམ་པ་བཞིན་གོ་གནས་མཐོ་དམའ་དང་བསྟུན་ནས་བཟའ་དགོས་ཤིང་། དེ་ལས་ཟོག་ནི་ཞིང་རྨོད་བྱེད་ཡིན་པས་རྒྱལ་པོ་ལྟ་བུ་གོ་གནས་ཤིན་ཏུ་མཐོན་པོ་འགའ་ལས་འོག་མས་ཟོག་ཤ་བཟའ་མི་ཆོག་པ་ལྟ་བུ་ཡོད་སྐད། བོད་པས་སྒོ་ཕྱུགས་ཀུན་ལ་ཤ་ཚ་སྙིང་རྗེ་དང་བྱམས་སྐྱོང་གཙིགས་ཆེ་བྱས་པ་ནི་དྲིན་གཟོ་བ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་འབྲེལ་བ་ཏེ་པོར་ཡོད་ལ། འདིར་ཁྱད་པར་དུ་རྨོན་མཛོ་ལ་དེ་ལས་ལྷག་པར་གཙིགས་སུ་བཟུང་བ་ནི་དེ་ཙམ་གྱིས་མི་ཚད། ཞིང་ལས་ཐོན་སྐྱེད་ལ་དགོས་མཁོ་ཤིན་ཏུ་ཆེ་ལ་གཞན་གྱིས་ཚབ་བྱེད་ཐབས་མེད་པས་ཡིན་ཏེ། སོ་ནམ་བྱ་བའི་བརྒྱུད་རིམ་དུ་འུ་ཐུག་ན་མི་ཡིས་རྟ་དང་གླང་གི་ཚབ་ཏུ་སྐྱེལ་འདྲེན་སོགས་བྱ་བ་ཕལ་ཆེར་བྱེད་ཆོག་མོད། འོན་ཀྱང་ཞིང་རྒྱ་ཆེ་བས་མིས་ནམ་ཡང་མཛོའི་དོད་དུ་ཞིང་རྨོད་བར་བྱེད་མི་ནུས་པར་མ་ཟད། རྟ་གླང་གཡག་སོགས་ཀྱིས་ཀྱང་ལེགས་པར་བྱེད་ཐུབ་པ་མ་ཡིན། མ་གཞི་ཡུལ་འདིའི་ཞིང་པ་རྒན་པ་ཀུན་ལ་ཞིང་རྨོན་དང་འབྲེལ་བའི་ཅ་ལག་ཐམས་ཅད་ལ་གཞན་དང་མི་འདྲ་བའི་གཅེས་སྤྲས་དང་གཙིགས་ཆེ་བྱེད་པའི་གོམས་སྲོལ་ཤིན་ཏུ་མཐུག་པོར་ཡོད་ལ་དེ་ལས་ཞིང་ལས་ནི་ཕ་ཚེ་བུ་རྒྱུན་རིང་ལ་འཚོ་བའི་ཁ་རྒྱབ་བརྟེན་སར་གྱུར་ཡོད་པ་ཤེས་ཐུབ། མཛོ་མེད་ན་གླང་ལ་མི་རྨོ་ཀ་མེད་ཅེས་གཏམ་དཔེ་བཤད་སྲོལ་ཡོད་ཅིང་གནར་ཡུལ་ལ་ལ་ན་གླང་དང་བོང་བུ་ལ་རྨོས་པ་འགའ་རེའང་ཡོད་པ་བཤད་ཀྱང་ཕྱི་དུས་མཛོ་གཡག་རྟ་གསུམ་ལས་བ་དང་གླང་དང་བོང་བུ་བཞོན་མ་སོགས་སྒོ་ཕྱུགས་གཞན་ལ་ཞིང་རྨོ་བ་མཐོང་ཐོས་ཤིན་ཏུ་དཀོན་ལ། རྒྱ་ལ་གླང་ལ་ཞིང་རྨོད་མཁན་ཞིག་མཐོང་ཐོས་སུ་གྱུར་ན་སྐྱེ་བོ་དག་གིས་མི་ལ་ཐབས་དང་སྐོར་གཡེང་མེད་མཁན་དེ་འདྲ་བོ་ཞེས་འཕྱ་སྨོད་བྱེད་སྲིད་དོ།། ( མུ་འགོད།)