国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒས་རྒྱུ་མེད་པའི་ངོ་གདོང་།

ཉལ་ཁྲི་རྙིང་བ་དེས།

མི་ཆ་མེད་ཅིག་བསྐྱོན།

དེ་ལས་རྨི་ལམ་སར་བ་སྐྱེད།

ཤི་གསོན་གཉིས་ཀྱི་མི་ངོ་འཕྲད།

ང་ལན་གཅིག་བར་དོར་བསྐྱལ་བ་འདྲ།

སྙིང་ཉེ་བའི་མི་མགོ་ཁ་ཤས་མིག་ཁུང་ནང་

རུག་རུག་བྱེད།

ཐལ་སྐྱ་འཚུབ་བེ་བ་གཅིག་དང་།

སྣུམ་ཞག་ཚིལ་ལེ་བ་ཞིག

ངས་རྒ་བའི་སྡུག་བསྔལ་གྱིས།

ཞང་པོ་ཐར་བ་བཏང་བ་ཚོར།

ན་ཟླ་ཚོ་སྟོད་སྒུར་ཞིང་།

ཟོག་གི་འགྲོ་སྟངས་སྦྱོང་དུས།

ཁོས་ཨ་ཙི།

ག་རེ་བྱས་སོང་ཞེས་ཧ་ལས་འདུག

སྐར་ཆ་འགའི་རྗེས་ཀྱི་ཐོན་ཁ་ལ་མོར།

ད་ངེད་གཉིས་མགྱོགས་པོ་འཕྲད་ཡོང་

ལབ་སོང་།

མི་ཚོས།

ཤི་ན་ལོངས་ཤོག་ཟེར་རྒྱུ་མེད་ཟེར།

ཤི་བོས་ལངས་པས་མི་ཚད་རྒྱུག་ཤར་གློད་

གྲབས་བྱེད་ཀྱི།

གདོང་བྱད་ཀྱི་གྲངས་ཀས།

ཤི་གསོན་གྱི་དབྱེ་བ་ཆོད་ཡོང་།

གཤིན་པོའི་ཡིད་གཞུངས།

ངོ་གཉིས་མ་འཁྲབ་མྱོང་མེད་པས།

སུ་ཞིག་གིས།

རྒས་རྒྱུ་མེད་པའི་དངོས་གྲུབ་གནང་

སོང་ངམ།

༼ ལུག་རྫི། ༽