国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙིང་གི་རྨ་ཁ་སོས་ཐབས་མི་འདུག

ངའི་ལག་པས་ཁྱོད་ཕྱོགས་ཀྱི་ནམ་མཁའ་སྔོན་པོར་བསྙབས།

བཙན་དབང་གིས་གཏོར་ཏེ་སླད་མར་མ་བརྩིག་པའི་

ཁང་པ་ཞིག་རོར་བསྙབས།

བརྡ་སྤྲོད་ཀྱི་མཛེས་པ་ཤོར་བའི་སྙན་ངག་ནག་པོར་བསྙབས།

ན་ཟླའི་བྲང་དང་རང་གི་སྙིང་ཁར་བསྙབས།

གྱེས་ཁ་མའི་ཆང་ཕོར་གཏུག་སའི་ཕོ་བྲང་རྙིང་བར་བསྙབས།

དཔོན་ཆུང་གི་ཁ་ལྕེ་དང་དྲང་བདེན་གྱི་མེ་ལྕེ་མེད་སར་བསྙབས།

མུན་པའི་ཁ་བ་བབས་སའི་བཙོན་ཁང་ནག་པོར་བསྙབས།

ནད་ཡམས་ཀྱི་བཙན་ཁ་རྒོད་པའི་དུད་ཞགས་འཁྱིལ་སར་བསྙབས།

ཁྱོད་ལ་བསྐུར་འདོད་ཀྱི་སྐད་ཆ་དང་།

ནམ་རྒྱུན་ཉར་བའི་ཁྱོད་ཀྱི་འདྲ་པར་དག

ཁ་དོག་སྣ་ཚོགས་རྨ་བྱའི་མདོངས་ཀྱི་རྣམ་པ་ལྟར།

ཕན་ཚུན་ཁེན་ཞིང་།

དྲན་གདུང་གིས་མནར་བ་བཞིན་ཤི་འདུག

དེ་བས་ངའི་སྙིང་གི་རྨ་ཁ་སོས་ཐབས་མི་འདུག

༼ སྟོབས་རྒྱལ། ༽