国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོག་མགོ་ཚུགས།

﹙པར་ངོས་དང་པོར་མཐུད།﹚

ཝང་དབྱང་གིས་འདས་ཟིན་པའི་ལོ་གཅིག་ལྷག་ཙམ་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་བསྡོམས་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏང་རྒྱུར་དམ་པོར་དམིགས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་སོགས་ཀྱི་ལས་འགན་ལ་དམིགས་ཤིང་། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་རྒྱུར་ཤུགས་རྒྱག་པ་དང་། འགན་ནུས་ཁག་ལག་བསྟར་ནན་ཏན་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། ཉེ་དུས་ཀྱི་ཏོག་གསར་གློ་རིམས་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། སྲིད་གྲོས་རིམ་ཁག་རྩ་འཛུགས་དང་། ཁོངས་ཞུགས་ཚན་པ་ཁག རྒྱ་ཆེ་བའི་ཨུ་ཡོན་བཅས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཡོད། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་ཚོས་རང་ཉིད་ཀྱི་ལས་གནས་ཐོག་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད།

ཝང་དབྱང་གིས2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད། མི་དམངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་ཕན་ཚུན་སྦྲེལ་མཐུད་བྱེད་པ། ཇུས་འདོན་སྲིད་སྐྱོང་དང་ངོས་འཛིན་གཅིག་སྒྲིལ་ལ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། མི་དམངས་སྲིད་གྲོས་ནང་ཞུགས་མཁན་ཏང་ཤོག་ཁག་གི་ཚོགས་པ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་རྒྱ་ཁྱབ་ངང་མཐུན་སྒྲིལ་སྐུལ་སློང་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏང་རྒྱུར་དམ་པོར་གཞིགས་ནས་འགན་ནུས་གཙང་སྒྲུབ་དང་སེམས་ནུས་གཅིག་སྒྲིལ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

ཝང་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང《དུས་རབས་གསར་པར་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ནང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་དམངས་སྲིད་གྲོས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་ཡོད། ངེས་པར་དུ་ལག་བསྟར་དོན་འཁྱོལ་ལ་མུ་མཐུད་དེ་དམ་འཛིན་ཡག་པོ་བྱེད་པ་དང་། རྩ་སྲ་རྨང་བརྟན་ལ་གཙིགས་ཆེན་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། གོ་རིམ་ལྡན་ལ་ནུས་ལྡན་གྱི་སྒོ་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་ལས་དོན་གཏིང་ཟབ་ངང་ཡག་པོ་སྒྲུབ་པ། ཨུ་ཡོན་གྱི་འགན་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་བྱེད་པ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏང་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲེང་ཅན་པང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ། ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཚོགས་འདུ་ཐེངས་གཉིས་པར་གྲོས་གཞི5488ཕུལ་ཡོད། ཞིབ་བཤེར་བྱས་པར་བརྒྱུད། གྲོས་གཞི་ཁག4089ཐོ་འགོད་བྱས་པ་དང་། སྒྲུབ་གཉེར་ཚན་པ175ལ་བསྒྲུབ་རྒྱུར་རྩིས་སྤྲད་པ་ཚང་མ་དུས་ཐོག་ཏུ་བསྒྲུབས་ཡོད། རྒྱུན་ལས་ཨུ་ལྷན་གྱིས་གྲོས་གཞིའི་ལས་དོན་གྱི་སྤུས་ཚད་ལེགས་སུ་གཏོང་བར་མུ་མཐུད་དེ་སྐུལ་འདེད་བཏང་བ་དང་། ལས་དོན་གྱི་ལམ་ལུགས་མ་ལག་འཛུགས་རྒྱུར་ཤུགས་རྒྱག་པ། གྲོས་གཞི་སྒྲུབ་གཉེར་དང་གྲོས་མོལ་ལ་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་པར་བརྒྱུད། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་མཐའ་འཁྱོངས་ཁྲོད་འཕེལ་རྒྱས་གཏོང་བ་དང་། སྲ་བརྟན་ཁྲོད་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཡོད།། (མི་དམངས་ཉིན་རེའི་ཚགས་པར་ནས་དྲངས། )