国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཁ་ཕུ་ཐག་ཆོད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་།

སེར་ཤུལ་རྫོང་གིས་དུད་ཚང་དབུལ་ཕོངས་ཚང་མ་དབུལ་ཐར་ཐུབ་པར་འགན་ལེན་བྱས།

སྤྱི་ཟླ5པའི་ཚེས22ཉིན། གསར་འགོད་པས་སེར་ཤུལ་རྫོང་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་སེར་ཤུལ་རྫོང་གིས་ལྷག་པའི་དབུལ་ཕོངས་དུད་ཚང96དང་མི་འབོར་དབུལ་ཕོངས407ཚང་མ་དབུལ་ཐར་ཐུབ་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་དང་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་པོ་རྒྱུན་འཁྱོངས་བྱས་པ། བྱ་ཐབས་མང་པོ་མཉམ་སྤྱོད་བྱས་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། ད་ཆ་རྫོང་ཡོངས་ཀྱི་གོང་འོག་ཚང་མས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་ནས་རྫོང་དེས་དབྱེ་འབྱེད་ངོས་འཛིན་བྱས་པའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་ཚང་མ་ད་ལོའི་ནང་ཚུན་དབུལ་ཐར་ཐུབ་པར་འགན་ལེན་ཧུར་ཐག་བྱས་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཞི་པའི་བར་རྫོང་དེས་ཕྱོགས5ཡི་ཐད་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་བྱས་ཡོད་པ་སྟེ། གཅིག་ནས་དབུལ་སྐྱོར་བྱ་ཡུལ་གྱི་ཆ་འཕྲིན་གྲངས་གཞི་ཞིབ་དཔྱད་དང་ཞིབ་མཆན་འགོད་པའི་ལས་ཀ་ཡག་པོ་བསྒྲུབས་ཡོད་པ་དང་། གཉིས་ནས་སྒོ་བྱང་བཀལ་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ལྟ་སྐུལ་བྱེད་པའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཡོད། གསུམ་ནས་མི་འདང་སར་ཁ་གསབ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ཡོད། བཞི་ནས་ཞིང་ལས་དང་འབྲེལ་བའི་མ་དངུལ་འཆར་འགོད་གཅིག་གྱུར་དང་སྡེབ་སྒྲིག་བྱས་པ། ལྔ་ནས་དབུལ་ཐར་འགག་སྒྲོལ་ལས་ཀར་ཡོངས་ཁྱབ་ཞིབ་བཤེར་བྱས་པ་རེད།

རྫོང་དེའི་འགག་སྒྲོལ་གཞུང་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱིན་ཆད་རྫོང་ཡོངས་ཀྱིས་དབུལ་ཕོངས་གྲལ་ནས་ཕྱིར་འཐེན་བྱས་པའི་གྲོང་སྡེ112དང་དབུལ་ཐར་ཐུབ་པའི་དུད་ཚང5621 མི་འབོར་དབུལ་ཕོངས25037ལ་དམ་པོར་དམིགས་ནས། ཕྱིར་མིག་ལྟ་བའི་བྱེད་སྒོ་སྤེལ་ནས་དབུལ་ཐར་འགག་སྒྲོལ་བྱེད་རིང་གི་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་སྲུང་འཛིན་བྱས་པ། དེ་དང་ཆབས་ཅིག་སྲིད་ཇུས་དོན་འཁྱོལ་དང་ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ། དབུལ་ཕོངས་ལྷག་པའི་དུད་ཚང96དང་མི་འབོར407ད་ལོའི་ནང་ཚུན་ཚང་མ་དབུལ་ཐར་ཐུབ་པར་འགན་ལེན་བྱ་རྒྱུ་དང་། ལྷག་པར་དུ《དཀར་མཛེས་ཁུལ་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་ཉག་ཆུ་སྟོད་རྒྱུད་ཀྱི་རྫོང་བཞིའི་འབྲེལ་མཚམས་ས་ཁུལ་གྱི་ཤིན་ཏུ་དབུལ་པོའི་ཡུལ་ཤོག24ཡི2020ལོའི་དམིགས་འབེན་ལས་འགན་དབྱེ་ཕྲལ་གཤམ་སྤྲོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རྫོང་དེའི་ཉག་ཆུ་རྒྱུད་ཁུལ་གྱི་ཤིན་ཏུ་དབུལ་པོའི་ཡུལ་ཤོག5དབུལ་ཐར་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་ཆེ་རུ་གཏང་རྒྱུར་འགན་ལེན་བྱ་རྒྱུ་ཡིན་པ་རེད།། ﹙བདེ་སྐྱིད་ཀྱིས་བསྒྱུར།﹚