国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡུན་རིང་གི་རྗེས་སུ་།

མི་ཚེ་འདི་ཡི་ལམ་མདོ་རིང་ཞིང་ཀྱོག།

ལམ་སྣེ་འབྲི་མཁན་ཁྱོད་ཉིད་ཡིན་པ་འདྲ།།

ནམ་ཞིག་སངས་རྒྱས་གཅིག་གི་མདུན་ངོས་སུ།།

སྡུག་བསྔལ་ཞེས་པ་བརྗེད་དུ་འཇུག་ཀྱང་སྲིད།།

ས་མཐའི་གངས་རིར་སྒེའུ་ཁུང་བརྒྱུད་ནས་བལྟས།།

གཙང་བོའི་འབབ་རྒྱུན་དེ་ལ་སེམས་པས་ཉན།།

མི་དག་གཅིག་ཏུ་ཧ་ཅང་གདེང་ཚོད་ངང་།།

སོ་སོའི་སང་ལོའི་ཞིང་ཁ་གླེང་བར་བྲེལ།།

ལས་ཀྱིས་ལྐོག་ཏུ་ང་ཡི་འབྲི་ཤོག་ལ།།

ཚེ་སྔོན་གསལ་ཆ་ཡོད་འདྲའི་མིང་ཞིག་བྲིས།།

མིང་དེ་ཁྱོད་ཀྱི་མིང་དང་ཤིན་ཏུ་མཚུངས།།

ག་ལེར་ནང་སེམས་འདི་དང་གཅིག་ཏུ་འཁྲུལ།།

དཔྱིད་ཟླ་ཐ་མའི་ཁྱོད་རང་གྲང་ཞིང་འཁྱགས།།

ང་ཡིས་བོར་བ་འདྲ་ལ་རྙེད་པ་འདྲ།།

མཚན་ཞག་གཅིག་ལ་མཐོང་བའི་གཟུགས་བརྙན་དེས། །

བསྐལ་བར་གསུབ་པ་མེད་པའི་དྲན་ཤིང་བཞག།

སླར་ཡང་སྐྱེ་བ་ལྔ་བརྒྱའི་རྗེས་དེ་ལ།།

ལས་ཀྱིས་ཡིན་ནམ་ཡང་ན་དཀོན་མཆོག་གིས།།

ང་རང་ནེམ་ལོ་ཞིག་ཏུ་གང་ཁྱེད་ཀྱི།།

ཡལ་ག་རེ་རེར་ཡང་ཡང་འགྲེང་དུ་བཅུག།

ད་ནི་དཔྱིད་ཟླ་རིང་མོ་ཕར་ལ་བསྐྱལ།།

འགྱོད་གདུང་བློས་བཏང་འདུན་མ་ཇི་འདྲའི་མང་།།

གང་ཁྱོད་བདག་དང་ཇི་ལྟར་རིང་གྱེས་ན།།

དེ་ལྟར་མཐོང་འདོད་སེམས་འདུན་འགོག་ཐབས་བྲལ། །

༼ གངས་གཤོག ༽