国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་པའི་འགྱུ་ཕྱོགས།

གཞོན་ནུའི་སྤང་ཐང་འགྲིམ་པའི་ངལ་བ་ཞིག་མ་རྙེད།།

ལང་ཚོའི་མེ་ཏོག་འཐུ་བའི་འཛིན་པ་དེ་མ་ཁོགས།།

སྣང་བའི་བསེར་བུ་གཡོ་བའི་ལམ་རྙིང་དེ་མ་འགག།

སེམས་པའི་འགྱུ་ཕྱོགས་འདི་ལ་ཨུ་ཚུགས་ཤིག་མི་དགོས།།

བརྩེ་བ་འོད་ལ་འཁྲིལ་བའི་རང་དབང་གི་ཞིང་སར།།

དུང་བ་མཚོ་རུ་འཁྱིལ་བའི་བདེ་སྐྱིད་ཀྱི་ཟབ་སར།།

གཞོན་མའི་འཛུམ་རིས་མོད་པའི་རྟེན་འབྲེལ་དེ་འཛོམས་དུས།།

སེམས་པའི་འགྱུ་ཕྱོགས་འདི་ལ་ཨ་གསར་ཞིག་མི་འདུག།

ལས་འཕྲོའི་སྐས་ལས་བབས་པའི་ཐུག་འཕྲད་ཀྱི་མེ་ཏོག།

སྣང་བའི་གྲོང་ཆུང་མྱུལ་བའི་ལང་ཚོ་འདིར་ལྷུངས་བས།།

བརྩེ་དུང་ཡལ་འདབ་རྒྱས་པའི་ལས་འབྲས་དེར་བསམ་ཚེ།།

སེམས་པའི་འགྱུ་ཕྱོགས་འདི་ལ་རྒྱབ་རྟེན་ཞིག་ཡོད་འདུག།

འཇིག་རྟེན་སྐྱིད་སྡུག་རྨོས་པའི་རྣམ་སྨིན་གྱི་འོང་ཁར།།

བརྩེ་དུང་ནས་སོན་བཏབ་པའི་ངལ་བ་འདི་བླངས་ཀྱང་།།

དམ་བཅའི་ཐོང་གཤོལ་མི་འགྱུར་རྡོ་རྗེ་དེས་བྱེད་ཚེ།།

སེམས་པའི་འགྱུ་ཕྱོགས་འདི་ལ་བསོད་ནམས་ཤིག་ཚེས་འདུག།

སེམས་ལ་སེམས་པ་འདྲིས་པའི་ལས་དབང་དེ་སྐྱོང་གིན།།

ལས་མཐུན་གསེར་ཉ་ཟུང་གཅིག་ཁ་སྤྲོད་དུ་གནས་དུས།།

དྭངས་གཙང་བརྩེ་དུང་ཟེར་བའི་རང་བཞིན་དེར་འཇལ་ཚེ།།

སེམས་པའི་འགྱུ་ཕྱོགས་འདི་ལ་སྟོབས་ཤུགས་ཤིག་རྒྱས་འདུག།

མི་ཡི་གཤིས་ལ་འཇམ་རྩུབ་ཤན་འབྱེད་ཅིག་ཡོད་ཀྱང་།།

མཛའ་འདྲིས་ཟབ་སར་བསྐྱོད་པའི་སྐྱིད་སྣང་དེར་སླེབས་ཚེ།།

དགའ་མའི་མདུན་སར་བརྩེ་འཕྲིན་ལྷད་མེད་ཅིག་ཤོར་དུས།།

སེམས་པའི་འགྱུ་ཕྱོགས་འདི་ལ་རྟེན་འབྲེལ་ཞིག་བསྒྲིག་འོང་།།

ལས་ཀྱི་གསེར་སྒ་བརྒྱབ་པའི་བརྩེ་དུང་གི་ཅང་ཤེས།།

ལོ་ཟླའི་རྩྭ་ཐང་ངོས་སུ་རིམ་ཅན་གྱིས་རྒྱུག་ཚེ།།

སྙིང་གཏམ་ལྷོད་ལ་གྲོལ་བའི་མངའ་ཐང་དེ་འབྱོར་དུས།།

སེམས་པའི་འགྱུ་ཕྱོགས་འདི་ལ་སུན་སྣང་རང་མི་འདུག།

སྙིང་གཏམ་འོ་ཇར་བསྐོལ་བའི་ཞིམ་མངར་དེ་མྱོང་གིན།།

གཏམ་རྒྱུད་ལོ་ཟླར་གྲག་པའི་བསྐལ་བཟང་ཞིག་ཤར་འོང་།།

ཡིད་ཆེས་སེམས་ལ་དྲངས་པའི་དཔའ་གདེང་དེ་ཐོབ་དུས།།

སེམས་པའི་འགྱུ་ཕྱོགས་འདི་ཡང་རྒྱུ་འབྲས་ཤིག་ལོས་ཡིན།།

༼ ཧྲང་བུ་བཀྲ་ཤིས། ༽