ཁམས་སྨྱོན་ཧེ་རུ་ཀ དངོས་མིང་ལ་ཆོས་འཕགས་ཟེར། དུས་རབས་གོང་མའི་ལོ་རབས་དགུ་བཅུའི་སྟོད་དུ་ཡུལ་ཤུལ་ནང་ཆེན་ཟུར་མང་རྩི་རོང་གི་དུད་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ༢༠༡༣ལོ་ནས་གསར་རྩོམ་ལ་གཞོལ་ཞིང་། ༢༠༡༤ལོར་ཡུལ་ཤུལ་གྱི་དབྱངས་ཅན་མ་བུམ་པ་རྟགས་མའི་རྩོམ་རིག་བྱ་དགའ་དང་། ཁོར་ཡུག་རྩོམ་རིག་བྱ་དགའ་ཐེངས་གཅིག ༢༠༡༧ལོར་ཡུལ་ཤུལ་གྱི་དབྱངས་ཅན་མ་བུམ་པ་རྟགས་མའི་རྩོམ་རིག་བྱ་དགའ། ༢༠༡༩ལོར་གངས་དཀར་རི་བོའི་རྩོམ་རིག་བྱ་དགའ་བཅས་ཐོབ།གངས་དཀར་རི་བོ།གཙང་གསུམ་རིག་གནས་ཞིབ་འཇུག ཁམས་པའི་རྩོམ་རིག་སྒྱུ་རྩལ། ཁམས་པའི་ཚགས་པར། ཁྲིམས་ལུགས་ཚགས་པར། དྲི་ཟའི་གླིང་བུ་སོགས་བོད་ཁུལ་གྱི་ཚགས་དེབ་སོགས་སུ་ལྷུག་རྩོམ་གཙོས་པའི་བརྩམས་ཆོས་གང་མང་སྤེལ། ད་ལྟ་དཔལ་བཀྲ་ཤིས་ཟུར་མང་ལྷུན་གྲུབ་གླིང་དུ་སློབ་གཉེར་གྱི་ལས་ཞོར་དུ་《 ཟུར་མང་།》ལོ་དེབ་དང་། ཚགས་པར《 རྒྱམ་རྒྱལ་རྡོ་ཏི།》དང་། གྲོགས་པོ་སྐོར་ཞིག་དང་ལྷན་དུ《ཡུམ་ཆེན》ལོ་དེབ་བཅས་ཀྱི་རྩོམ་སྒྲིག་ལས་གཉེར་བྱེད་བཞིན་མཆིས།
