ཨཱ་ལི་ཀཱ་ལི་དབྱངས་སུ་གྱེར་བའི་ཕ་ཡུལ་གྱི་བྱིས་པའི་སྐད་སྒྲས། རྣམ་ཤེས་རྨས་མ་ཞིག་ལ་སླར་ཡང་རྟ་ལྕག་ཚག་ཐག་ཆོད་པ་ཞིག་གཞུས་བྱུང་། ཚེ་སྲོག་བཞིན་གཅེས་པའི་སྙན་ངག་ཅིག་ཀྱང་བཙལ་བྱུང་། ཡོད་ཚད་ཕ་ཡུལ་གྱིས་གནང་བའི་ཁ་སང་ཕ་ཡུལ་ལ་ཅི་ཞིག་གི་དྲི་ལན་འཇལ་ཡོད། ཕ་ཡུལ། བདག་ཀྱང་ཁྱོད་ཀྱི་པང་དུ་ལྷུངས་པའི་ཨཱ་ལི་ཀཱ་ལི་གྱེར་བའི་བྱིས་པ་ཡིན་ན་འདོད། ཉག་ཉོག་གི་ལྟེ་ཁྲག་དམར་པོ་དེ་ཕ་ཡུལ་གྱི་པང་དུ་ཐོར་ཀྱང་ཕ་ཡུལ་གྱི་བཀའ་དྲིན་ད་རུང་འཇལ་མ་ཐུབ་ཨང་།
ཀ་ཁའི་སྐད་བརྡ་དེ་ཕ་ཡུལ་ནས་བསླབས་ཀྱང་། ཀ་ཁའི་གླུ་དབྱངས་དེ་རྒྱང་རིང་ཞིག་ནས་ལེན་དགོས་བྱུང་། ཕ་ཡུལ། ངས་འདི་ཡང་གཅོང་ནད་ཅིག་ཡིན་པར་འདོད། ང་ཕ་ཡུལ་གྱི་བྱིས་ཚོགས་ཀྱི་མདུན་དུ་འགྲེང་དུས། ཆེས་ལྕི་བའི་འོས་འགན་ཞིག་གིས་ཕྲག་པར་མནན་འོང་བ་གཞི་ནས་རྟོགས་བྱུང་། ཁྱེད་ལ་ཆད་པའི་བུ་ལོན་དེ་མང་རང་མང་སོང་ཨང་། ལུས་སེམས་དཀའ་བས་བསྐྱངས་པའི་ཕ་ཡུལ་གྱི་བྱིས་པ། ད་ནི་གཤོག་སྒྲ་རྒྱས་པའི་རྒོད་ཕྲུག་ལྟར་རེ་རེ་བཞིན་རྒྱང་རིང་དུ་འཕུར་དུས། ད་རུང་ངའི་ཡིད་ཁམས་ཇི་ལྟར་ཡིད་ཚིམ་གྱི་བཟི་སྣང་ཞིག་མེད་ལགས།
ཕ་ཡུལ། ཁྱེད་ཀྱི་པང་དུ་ཚེ་སྲོག་གི་ས་བོན་འདེབས་མཁན་ཧ་ཅང་མང་ཡང་། ས་བོན་སྨིན་པའི་འབྲས་བུ་ཧ་ཅང་དཀོན།འཁྱར་འཁྱོར་གྱི་གོམ་བགྲོད་དེ་ཕ་ཡུལ་ནས་ཟད་ཐུབ་ན། ཡང་སྙིང་ལུས་སེམས་ཀྱི་དཀའ་ངལ་དེའང་ག་ལེར་སེལ་ཐུབ་ཨང་།ཁྱེད་ཀྱི་པང་དུ་ལག་པ་སྲིང་མཁན་མང་རུང་། ཁྱེད་ཀྱི་ཆེད་དུ་ལྷག་བསམ་གྱི་རྔུལ་ཆུས་རྩིག་པ་རྩིག་མཁན་ཧ་ཅང་དཀོན།ཐོབ་ཤོར་གྱི་གཡུལ་ས་རུ་ཡང་ཡང་ཕམ་པའི་དཔའ་བོ་དག། རིམ་བཞིན་ཡལ་བའི་སྣང་བ་དེ་མཐོང་དུས། མི་རིང་བའི་ང་ཚོའང་ཡིད་གདུང་གི་རླུང་དམར་ཁྲོད་ནས་གོ་མོད་པའི་དག་སྙིགས་ཤིག་ཏུ་རིམ་བཞིན་འགྱུར་འགྲོ་བ་ནི་ཆོས་ཉིད་ཅིག
ཕ་ཡུལ། ཁྱེད་ཀྱི་ཕྱོགས་ལ་རྔུལ་ཆུའི་སྟོན་མོ་ཅུང་ཙམ་བཤམ་ཐུབ་པ་དེའང་ངའི་ལས་སྐལ་ཡིན་པར་འདོད་ཡོད། ད་རུང་ཁྱེད་ཀྱི་ཆེད་དུ་མིག་དྲོན་མོ་ཞིག་ཀྱང་འབྱིན་ཨེ་ཐུབ་སྙམ། ཚེ་ཕྱི་མར་སླར་ཡང་སྐྱོ་ཉིན་ལྟ་བུའི་ཕ་ཡུལ་དེ་རུ་འཕོས་ཏེ། སྣབས་ལུག་གི་བྱིས་པ་དག་ལ་ཨཱ་ལི་དང་ཀཱ་ལིའི་ཕྲེང་རྒྱུད་རེ་རེ་མགུལ་དུ་སྒྲོན་ཐུབ་པར་སྨོན།
ཕ་ཡུལ། ཕ་ཡུལ། ཉི་གཞོན་གཡག་རྒན་རྭ་རྩེ་ནས་འཆར་དུས། ཁྱེད་ཀྱི་པང་དུ་འཚོ་བ་བཅོལ་མཁན་དང་། འུར་རྡོ་ཁྲ་ཆུང་ཀླད་ནས་སྐོར་མཁན། ཤུ་གླུ་ཕྲ་མོ་རྒྱང་ནས་ལན་མཁན། དྲོད་ལམ་ལམ་གྱི་ཉི་འོད་ཐུ་མཁན་ཧ་ཅང་མང་། བྱང་ལྷགས་རི་ཀླུང་གི་ཕང་བ་ནས་བརྒལ་དུས། ཁྱེད་ཀྱི་སྐྲ་ལོ་རླུང་ལ་སྐུར་མཁན། ཁྱེད་ལ་མཆི་ཞག་འཕེན་མཁན། ད་རུང་། ཁྱེད་ཀྱི་ཚེ་སྲོག་ཀྱང་འཕྲོག་མཁན་ཡོད་སྲིད་ཨང་།
