སྤྱི་ཟླ6པའི་ཚེས17ཉིན་ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་རོང་བྲག་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གོང་ཚེས་ཉིན་གྱི་ཐོ་རེངས་ཆུ་ཚོད3དང་སྐར་མ20ཡས་མས་སུ་རོང་བྲག་རྫོང་སྒོ་ལུང་གྲོང་རྡལ་མེ་ལུང་གྲོང་སྡེར་འདམ་རྡོའི་ཆུ་རུད་བྱུང་བས་མ་ཚད། འཁྱིལ་མཚོ་ཆགས་པ་རེད་ཅེས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད། ཚེས17ཉིན་གྱི་ཆུ་ཚོད9པའི་བར། རོང་བྲག་རྫོང་གིས་རིམ་རྩིས་བྱས་ན་དུད་ཚང5000ལྷག་གི་མི་ཁྲི2ལྷག་ཉེན་ཁ་ལས་གཡོལ་ཟུར་བྱས་པ་དང་ཆབས་ཅིག མི14སྲོག་སྐྱོབ་རོགས་ཐུབ་པ་དང་མི2གར་སོང་ཆ་མེད་དུ་སོང་བ་རེད། ཚེས17ཉིན་གྱི་མཚན་མོར་ཞིང་ཆེན་དང་ཁུལ་གྱི་ཉེན་སྐྱོབ་གནོད་སེལ་ལས་དོན་རུ་ཁག་རོང་བྲག་ཏུ་འབྱོར་ནས་ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་གནོད་སེལ་གྱི་ལས་དོན་སྤེལ་བ་རེད།
རོང་བྲག་རྫོང་དུ་སྤྱི་ཟླ6པའི་ཚེས17ཉིན་གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐེབས་རྗེས་དཀར་མཛེས་ཁུལ་དུ་བརྟག་ཞིབ་བྱེད་བཞིན་པའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་དེ་མ་ཐག་ཏུ་མཛུབ་སྟོན་གནང་བ་དང་བླང་བྱ་བཏོན་པ་རེད། ཁོང་གིས་ས་གནས་ཁག་གིས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། ཉེན་མེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་དང་མཐུན་པར་ཉེན་སྐྱོབ་གནོད་སེལ་བྱས་ཏེ་ཉེན་ཁ་ཡོད་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱ་དགོས། གནས་སྤོ་བྱས་པའི་མང་ཚོགས་བཀོད་སྒྲིག་བྱ་རྒྱུའི་ལས་དོན་ཡག་པོ་ནན་ཏན་བསྒྲུབས་ནས་རྒུད་སྐྱོབ་དངོས་ཟོག་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་སྟེ་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་གང་ཐུབ་བྱ་དགོས། གནོད་འཚེ་ཐེབས་ཚུལ་ཞིབ་དཔྱད་བྱ་རྒྱུ་དམ་འཛིན་བྱས་ནས་འགྲིམ་འགྲུལ་དང་གློག་ཤུགས། འཕྲིན་གཏོང་། འཐུང་ཆུ་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་དུ་ཉམས་གསོ་བྱས་ནས་གནོད་འཚེའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱ་དགོས། ཤྭ་འོད་དང་འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ཀྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་སྔོན་ཚོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་སྣ་ཚོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་གཅིག་གྱུར་གྱིས་བཀོལ་སྤྱོད་ཡག་པོ་བྱས་ནས་མང་ཚོགས་ཀྱི་སྤོ་སྒྱུར་བྱེད་སའི་ལམ་ཕྱོགས་ཚན་རིག་དང་མཐུན་པར་གཏན་འཁེལ་བྱས་པར་བརྟེན། ཡང་བསྐྱར་ཞོར་ཐོན་གནོད་འཚེ་བྱུང་ནས་མི་སྣ་ཤི་རྨས་གསར་ཐོན་བྱུང་བར་ནན་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མངའ་དཔོན་དབྱིན་ལི་ཡིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་འབྲེལ་བ་ཆད་པའི་མི་སྣ་འཚོལ་རྒྱུར་དམ་འཛིན་བྱས་པ་དང་ནུས་ཤུགས་ཡོད་རྒུས་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱ་དགོས། གནས་སྤོ་མི་སྣ་བཀོད་སྒྲིག་འོས་འཚམ་བྱ་དགོས་པར་མ་ཟད་གཞི་རྩའི་འཚོ་བ་འགན་སྲུང་བྱ་དགོས། རང་བྱུང་ཐོན་ཁུངས་དང་ཆུ་བེད། གནམ་གཤིས་སོགས་སྡེ་ཚན་གྱིས་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་ནས་ཞོར་ཐོན་གནོད་འཚེ་དང་གཞི་ཁྱོན་དེ་བས་ཆེ་བའི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་སྔོན་འགོག་བྱ་དགོས། དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད། མངའ་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་གྱི་ལྔ་ཡོད་ཀྱི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ནས་ཆུ་ལམ་གྱི་འཁྱིལ་ཆུ་ལ་དཔྱད་དཔོག་ནན་ཏན་དང་ཚན་རིག་དང་མཐུན་པར་ཐག་གཅོད་བྱས་ཏེ་ཆུ་ལམ་ཉེན་ཁ་མགྱོགས་མྱུར་དུ་མེད་པར་བཟོ་བ་དང་ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས་གསུངས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཀྱང་དེ་མ་ཐག་ཏུ་ཉེན་གཡོལ་རོགས་སྐྱོབ་ཀྱི་མཆན་བཀོད་མཛུབ་སྟོན་གནང་བ་དང་ལས་དོན་རུ་ཁག་དང་རོགས་སྐྱོབ་མི་སྣ་མངགས་ནས་གནོད་སྐྱོན་ཐེབས་ཡུལ་ཏུ་ཕྱིན་པ་རེད།
གནོད་འཚེའི་གནས་ཚུལ་བྱུང་རྗེས་རོང་བྲག་རྫོང་གིས་འཚུབ་བསྟུན་རིམ་པ་གསུམ་གྱི་བརྡ་ལན་མྱུར་དུ་བཏང་བ་རེད། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་བཀོད་འདོམས་པུའུ་ཡི་མགོ་འཛིན་བྱས་པ་དང་རྫོང་ཨུ་དང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་བཀོད་འདོམས་མགོ་དཔོན་གཞོན་པ་བྱས་ནས་གཤམ་དུ་ལས་དོན་ཚོགས་ཆུང13བཙུགས་པའི་རོང་བྲག་རྫོང་གི“6·17”གྱི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་འཚུབ་བསྟུན་ཉེན་སེལ་བཀོད་འདོམས་པུའུ་བཙུགས་ཤིང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་འཚུབ་བསྟུན་ཉེན་སེལ་ལས་དོན་ནང་ཞུགས་རྒྱུར་ཛ་དྲག་ཆེ་བའི་སྐུལ་སློང་བྱས་པས་མ་ཚད། ད་དུང་ཉེ་སྐོར་གྱི་རྫོང(གྲོང་ཁྱེར)དང་འབྲེལ་མཐུད་ཧུར་ཐག་བྱས་ནས་རོགས་སྐྱོར་རེ་ཞུ་བྱས་པ་རེད། ཚེས17ཉིན་གྱི་ཆུ་ཚོད17ལ་སླེབས་དུས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་གློག་འཕྲིན་སྤྱི་གཉེར་ཁང་། མན་དབྱང་ཡན་ལག་རུ་ཁག་གཉིས་པ་སོགས་ཞིང་ཆེན་དང་ཁུལ་གྱི་ལས་སྒྲུབ་རུ་ཁག16རོང་བྲག་ཏུ་རོགས་སྐྱོབ་བྱེད་པར་བསྐྱོད་པར་མ་ཟད། དཔུང་སྡེ7ཉིན་དེར་གནོད་འཚེ་་ཐེབས་ཡུལ་དུ་འབྱོར་བ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)