国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞའོ་ཡིའུ་ཚའེ་མཚན་གང་བོར་རོང་བྲག་རྫོང་དུ་ཕེབས་ནས6·17གྱི་ཆུ་ལོག་གནོད་འཚེའི་འཚུབ་བསྟུན་ཉེན་སྐྱོབ་ཀྱི་ལས་ཀར་བཀོད་འདོམས་དང་ལྟ་སྐུལ་ཁྲིད་སྟོན་གནང་སྐབས།

ཞོར་ཐོན་གནོད་འཚེ་བྱུང་རྒྱུར་ནན་འགོག་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན།

སྤྱི་ཟླ6པའི་ཚེས17ཉིན། རོང་བྲག་རྫོང་དུ་རི་ཉིལ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་རྗེས། དཀར་མཛེས་རྫོང་དུ་ལས་དོན་སྤེལ་བཞིན་ཡོད་པའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་མཚན་གང་བོར་རོང་བྲག་རྫོང་དུ་ཕེབས་ནས་འཚུབ་བསྟུན་ཉེན་སྐྱོབ་གནོད་སེལ་གྱི་ལས་དོན་ལ་བཀོད་འདོམས་དང་ལྟ་སྐུལ་ཁྲིད་སྟོན་མཛད་པ་རེད། ཁོང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས། ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་གནོད་སེལ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་རྒྱུའི་ལས་ཀ་ཡག་པོ་བསྒྲུབ་དགོས་པ་དང་། ཆར་པ་འབབ་ཚུལ་དང་ཆུའི་གནས་ཚུལ་གྱི་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་བྱ་དགོས། སྔོན་བརྡ་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་ཞོར་ཐོན་གནོད་འཚེ་བྱུང་རྒྱུར་ནན་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཞའོ་ཡིའུ་ཚའེ་རོང་བྲག་རྫོང་དུ་བསླེབས་རྗེས། མགྱོགས་མྱུར་དུ་རྫོང་སྲིད་གཞུང་གི་ཕྱོགས་བསྡུས་འཚུབ་བསྟུན་དོ་དམ་ལྟེ་གནས་སུ་ཕེབས་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།མངའ་དཔོན་དབྱིན་ལི། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་བཅས་ཀྱིས་བཏོན་པའི་མཆན་འགོད་མཛུབ་སྟོན་གྱི་སྙིང་དོན་དང་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱས་ཚུལ། གནོད་འཚེ་བྱུང་ཚུལ་དང་འབྲེལ་ཡོད་འཚུབ་བསྟུན་ཐག་གཅོད་ལས་ཀར་རྒྱུས་ལོན་ཞིབ་ཕྲ་མཛད་པ་དང་ཆབས་ཅིག དུས་བབ་ལ་ཞིབ་འཇུག་བྱས་ཏེ་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་གནང་བ་རེད།

ཞའོ་ཡིའུ་ཚའེ་ཡིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་མིག་སྔའི་དུས་བབ་ངོས་འཛིན་གསལ་པོ་དང་འགན་འཁྲི་འཁུར་ནས་ཚེ་སྲོག་བླ་ན་མེད་པ་དང་ཉེན་མེད་ཨང་དང་པོར་འཇོག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་དགོས་པ་དང་གཉེན་ཉེ་དང་གྲོགས་པོར་བརྟན་པ་དང་། གཅིག་བསྡུད་ཀྱིས་བཀོད་སྒྲིག་བྱེད་པ། ཉེན་ཁ་གཡོལ་ཟུར་བྱེད་ས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གནོད་འཚེ་ཐེབས་པའི་མང་ཚོགས་ལ་བཟའ་བཅའ་དང་གྱོན་གོས། ཆུ་གཙང་མ་འཐུང་རྒྱུ། ཉེན་མེད་ཀྱི་སྡོད་ས། སྨན་བཅོས་ཞབས་ཞུ་བཅས་ཡོད་པར་འགན་ལེན་བྱ་དགོས། འབྲེལ་བ་ཆད་པའི་མི་སྣར་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ཏེ་ཉེན་ཁ་སེལ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སྣ་ཤི་རྨས་ཆེས་ཉུང་དུ་གཏོང་གང་ཐུབ་བྱ་དགོས། གནོད་འཚེ་ཞིབ་བཤེར་བྱེད་པའི་ལས་ཀ་གང་མགྱོགས་བསྒྲུབས་ནས་གནོད་འཚེ་བྱུང་ཚུལ་ལ་དཔྱད་དཔོག་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འབྲེལ་ཡོད་ལས་ཀ་སྔ་སྣུར་དུ་བསྒྲུབས་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་དུས་ཚོད་དམ་འཛིན་བྱ་དགོས། ཞིང་ཆེན་གྱི་འབྲེལ་ཡོད་ཀྱི་རྒྱུ་རྐྱེན་གཙོ་བོའི་སྡེ་ཚན་གྱི་ཤུགས་ཆེ་བའི་རྒྱབ་སྐྱོར་བྱ་རྒྱུར་བརྩོན་ལེན་ཧུར་ཐག་བྱས་ཏེ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་གང་མགྱོགས་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།། ﹙བདེ་སྐྱིད་ཀྱིས་བསྒྱུར།﹚