国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་དོན་ཆེན་གསུམ་ཡག་པོ་བསྒྲུབས་ནས་གྲོང་སྡེ་དར་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན།

རི་ཀླུང་དུ་ཆགས་པའི་དར་མདོ་གྲོང་ཁྱེར་གྱི་གསེར་ལུང་གྲོང་སྡེ།

2018ལོ་ནས་བཟུང་རང་ཁུལ་གྱིས་ཁྲེང་ཏུའུ་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར་དང་ཁམས་གསོ་སྤྲོ་གསེང་གླིང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་བརྗོད་དོན་གཙོ་བོར་དམིགས་ནས། དབུལ་ཐར་ཐུབ་པ་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དང་ཐོན་ལས་དར་རྒྱས་གཏང་རྒྱུ་དེ་གཙོ་གནད་དུ་བཟུང་བ། སྐྱེ་ཁམས་སྡོད་གནས་འཚམ་པ་དེ་འགག་རྩར་རྩིས་བ། ཡུལ་སྲོལ་ཡ་རབས་ཚུལ་ལྡན་དེ་འགན་སྲུང་བྱས་པ། བཅོས་སྐྱོང་ནུས་ལྡན་བྱེད་པ་དེ་རྨང་གཞི་བྱས་པ། འཚོ་བ་ཕྱུག་པོར་ཆགས་པ་དེ་གཞི་རྩ་བྱས་པའི་སྤྱི་ཡོངས་ཀྱི་བླང་བྱར་རྒྱུན་འཁྱོངས་བྱས་ནས། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་སྤེལ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བར་བརྟེན། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་གནད་དུ་སྨིན་པ་དང་། ཁྱད་ཆོས་ཐོན་ལས་མཉམ་འདྲེས་བྱས་པ། སྐྱེ་ཁམས་ཀྱི་སྡོད་གནས་འཚམ་པའི་གྲོང་སྡེ་འཛུགས་སྐྱོང་བྱས་པ་དང་ཆབས་ཅིག ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། གྲོང་སྡེའི་སྤྱི་ཚོགས་ལེགས་བཅོས། གྲོང་སྡེའི་ཤེས་ཡོན་མི་སྣ་གཅིག་བསྡུ་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་གོམ་སྟབས་ཇེ་བརྟན་སྤོས་པ་སོགས་ཕྱོགས་བདུན་གྱི་བྱ་སྤྱོད་སྤེལ་མཐར། ཁྱད་ཆོས་ཐོན་ལས་གསོ་སྤེལ་དང་གྲོང་སྡེའི་ཡུལ་སྲོལ་རྣམ་པ་བཅོས་སྐྱོང་བཅས་ཀྱི་དོན་ཆེན་གསུམ་ཡག་པོ་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་གྲོང་སྡེ་དར་རྒྱས་ཀྱི་དཔེ་སྟོན་གྲོང་སྡེ282འཛུགས་སྐྱོང་བྱས་པ་རེད།

དེའི་ནང་ཚན་པ་དང་པོའི་དཔེ་སྟོན་གྲོང་སྡེ42ཀྱིས་སྤུས་དག་གི་འགྲོ་ལམ6གསར་སྐྲུན་བྱས་པ་དང་། མཛེས་སྡུག་གི་གྲོང་སྡེ་སྤུས་དག7འཛུགས་སྐྱོང་བྱས་ནས་ན་ལོའི་སྤྱི་ཟླ་ལྔ་པའི་ཚེས་གཅིག་གི་གུང་གསེང་སྐབས་སུ་མཛེས་སྡུག་གི་རང་མདངས་ངོམས་པ་དང་། ཚན་པ་གཉིས་པའི་གྲོང་སྡེ60ཡི་འཛུགས་སྐྱོང་ཨར་ལས་ལེགས་འགྲུབ་བྱུང་བ། ཉག་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ཀྱི་ཚོད་ལྟའི་གྲོང་སྡེ67གྱི་གྲུབ་འབྲས་མངོན་གསལ་ཐོབ་པ། དར་མདོ་དང་ལྕགས་ཟམ་ཁ། རོང་བྲག་བཅས་རྫོང་(གྲོང་ཁྱེར)གསུམ་གྱི་ལས་ཀ་གནད་སྨིན་བསྒྲུབས་ནས། ལེགས་འགྲུབ་ངང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེའི་ཡུལ་སྐོར་བྱེད་ས་དང་ཁམས་གསོ་དང་གུང་སེང་བསྡུ་འགྲེམ་ལྟེ་གནས་གསར་སྐྲུན་བྱས་ཏེ། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་དང་། ཐོན་ལས་དང་གྲོང་སྡེ་གཅིག་གྱུར་ཡོང་བའི་གྲོང་སྡེ་དར་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་སྤེལ་གཏོང་བའི་བརྗིད་ཆགས་མཛེས་སྡུག་གི་རྣམ་པ་ཞིག་བསྐྲུན་ཡོད་པ་རེད།

ཁྱད་ཆོས་ཐོན་ལས་གསོ་སྐྱོང་ཡག་པོ་ བྱས་ཏེ་གྲོང་སྡེ་དར་རྒྱས་ལ་ གསོན་ཤུགས་བསྣན།

སྔོན་མའི་འདམ་རྡོ་ལས་གྲུབ་པའི་གྱང་དང་། ཁང་གཡབ་དམའ་བོ། འགྲོ་ལམ་འབར་འབུར་གྱི་རྣམ་པ་དེ་ད་ལྟར་སོ་ཕག་ནག་པོ་དང་གྱང་ངོས་དཀར་པོ། ར་སྐོར་ཆུང་ཆུང་། རྡོ་ལེབ་ལམ་ཆུང་སོགས་སུ་གྱུར་ཡོད་པས་རི་དཀྱིལ་གྲོང་སྡེར་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ནས་དར་མདོའི་གྲོང་སྡེ་དེ་ཡུལ་སྐོར་དཔེ་སྟོན་གྲོང་སྡེར་གྱུར་པ་རེད། རི་དཀྱིལ་གྲོང་སྡེར་མཚོ་འཕགས་དམའ་ཞིང་ཉི་འོད་ཕོག་ཚད་འདང་ངེས་ཡིན་པ་དང་། གྲོང་སྡེ་ཡོངས་ཀྱི་ས་རྒྱུ་གཤིན་པོ་ཡིན་པས་སྔོ་ཚལ་དང་ཤིང་ཏོག་གི་ཐོན་ཚད་ཧ་ཅང་བཟང་བ། ཁྱད་འཕགས་ཀྱི་ས་གཤིས་ཆ་རྐྱེན་གྱིས་གྲོང་སྡེ་དེར་ཤིང་ཏོག་གཙོས་བྱས་པ་དང་སྔོ་ཚལ་ཟུར་སྣོན་འཕེལ་རྒྱས་གཏོང་བའི་གྲོང་སྡེའི་ཐོན་ལས་ཀྱི་རྨང་གཞི་བཏིང་བ་རེད།

རི་དཀྱིལ་གྲོང་སྡེ་ཕར་ཁའི་བྲག་མགོ་རིའི་དེང་རབས་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་ཁུལ་གྱིས་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ་མང་ཚོགས་དབུལ་ཐར་དང་འབབ་འཕར་གྱི་ལམ་དུ་ཁྲིད་པ་རེད། གླིང་ཁུལ་གྱི་འཆར་འགོད་གཞི་ཁྱོན་མུའུ1700ཡོད། དེའི་ནང་ཞིང་ལས་གླིང་ཁུལ་དུ་ལྟ་སྐོར་བྱེད་ས་མུའུ130དང་། རྒྱ་བོད་སྨན་རྩྭའི་ཐོན་ལས་མུའུ200 ཁྱད་ཆོས་ལྡན་པའི་ནགས་ལས་མུའུ1470བཅས་འཆར་འགོད་བྱས་ཡོད། ལས་གཞི་འཛུགས་སྐྲུན་གྲུབ་རྗེས་ལོ་རེར་མཐོ་སྒང་གི་ཁྱད་ཆོས་ཀྱི་བཟའ་བྱའི་ཤ་མོ་སྤྱི་རྒྱ་ཁྲི15ཐོན་སྐྱེད་བྱས་ནས་ཐོན་ཚད་རིན་ཐང་སྒོར་ཁྲི250ལ་ཟིན་ཐུབ་རྒྱུ་དང་། ནགས་ཤིང་སྨན་རྩྭ་སྤྱི་རྒྱ་ཁྲི30ལ་ཟིན་ནས་ཐོན་ཚད་རིན་ཐང་སྒོར་ཁྲི180ལ་ཟིན་ཐུབ་རྒྱུ། ལོ་རེར་འགྲུལ་པ་མི་གྲངས་ཁྲི10ཙམ་སྣེ་ལེན་བྱས་ནས་ཐོན་ཚད་རིན་ཐང་སྒོར་ཁྲི220ལ་ཟིན་ཐུབ་རྒྱུ་རེད།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ཀྱི་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་བྱེད་རིང་དུ་དར་མདོ་གྲོང་ཁྱེར་གྱིས་ཁྱད་འཕགས་ཐོན་ཁུངས་ལ་དམིགས་ནས་སྐྱེ་ཁམས་ཀྱིས་རྨང་གཞི་བྱེད་པ་དང་རིག་གནས་ཀྱིས་བླ་སྲོག་བྱེད་པ། ཐོན་ལས་ཀྱིས་རྩ་བ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་མཛེས་ལྗོངས་ཁུལ་དང་། ཐོན་ལས། རིག་གནས་བཅས་གཞི་གཅིག་ཏུ་འཕེལ་རྒྱས་བཏང་ནས་ཆུ་ཐོག་རོལ་རྩེད་དང་སྤྲོ་གསེང་གཏོང་སའི་ཕྱོགས་བསྡུས་གླིང་ཁུལ་དང་། མཛུབ་རྩེའི་མེ་ཏོག་ཚེམ་དྲུབ་བྱེད་སའི་གླིང་ཁུལ། རྒྱ་བོད་སྨན་རྩྭའི་ཁམས་གསོ་རྟེན་གཞིའི་སྨན་རྩྭ་གླིང་ཁུལ་སོགས་འཆར་འགོད་བྱས་ནས་འཛུགས་སྐྱོང་བྱས་པ་རེད། མིག་སྔར་ས་ཁོངས་དེས་མུའུ35000ཡན་ཆད་ནང་ཀུ་ཤུ་དང་ཞུ་མཁན། སྲེའུ་མངར་མོ་སོགས་ཁྱད་ཆོས་ཤིང་ཏོག་དང་། མུའུ4200ཡི་ནང་ར་གྲོད་ཤ་མོ་ཡིས་གཙོ་བོ་བྱས་པའི་བཟའ་བྱའི་ཤ་མོ། མུའུ6000ཡི་ནང་རྒྱ་སྨན་སྨན་རྩྭ་བཅས་གོང་འཕེལ་བཏང་ཡོད་པ་རེད།

རོང་བྲག་རྫོང་སྒོ་ལུང་ཡུལ་ཤོག་ལ་ཡོད་སྲན་གྲོང་སྡེའི་གཞིས་མི་མུའུ་ཀྲེན་ཧྭ་ནི་ཚང་མས་ཁས་ལེན་པའི་སྨན་རྫས་འདེབས་འཛུགས་བྱེད་མཁས་པ་ཞིག་ཡིན་པ་རེད། ཁོ་ཚོའི་ཁྱིམ་ཚང་གིས་བསྡོམས་པས་མུའུ6གི་ནང་ལྕུམ་རྩྭ་དང་སྤྲུ་ནག་ལ་སོགས་པའི་སྨན་རྩྭ་རྩ་ཆེན་འདེབས་འཛུགས་བྱས་པ་རེད། ཁོས་ཞིབ་རྩིས་ཤིག་བརྒྱབ་ནས་ལྕུམ་རྩྭ་དང་སྤྲུ་ནག་ནི་ཕལ་ཆེར་ལོ3ནས4བར་དུ་སྐྱེ་འཕེལ་བྱ་དགོས་ཀྱི་ཡོད། ཚོད་རྩིས་བྱས་པ་ལྟར་ན། སྣ་ཁ་དང་ཐོན་ཚད། ཚོང་རའི་རིན་གོང་དག་རྒྱུན་ལྡན་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག ལོ་རེར་མུའུ་རེའི་ཐོན་ཚད་རིན་ཐང་སྒོར3500ནས6000ཡིན་པས། ལོ་རེར་མུའུ་རེའི་ཡོང་འབབ་ཁེར་གཙང་སྒོར2500ནས5000བར་ཡོད་པ་རེད། འདི་ལྟར་ཞིབ་རྩིས་བརྒྱབ་ན་ལ་ཡོད་སྲན་གྲོང་སྡེའི་དུད་ཚང56ལ་ལོ་ལྟར་དུད་ཚང་རེར་ཡོང་འབབ་སྒོར་ཁྲི2ནས3བར་ལ་འཕར་ཐུབ་རྒྱུ་རེད།

སྐྱེ་ཁམས་འཛུགས་སྐྱོང་ཡག་པོ་བྱས་

ནས་གྲོང་སྡེ་དར་རྒྱས་ཀྱི་རྨང་

གཞི་བརྟན་པོ་བཏིང་།

ཉེ་བའི་ལོ་ཤས་རིང་དར་མདོ་གྲོང་ཁྱེར་འཁོབ་ཡུལ་ཡུལ་ཤོག་གསེར་ལུང་གྲོང་སྡེར་གྲོང་ཁྱེར་གྱི་གཞིས་མི་དེ་བས་མང་པོ་ཡུལ་དེར་གུང་གསེང་གཏོང་སར་འོང་བཞིན་ཡོད་པ་རེད།

2018ལོར་གསེར་ལུང་གྲོང་སྡེ་དེ་རང་ཁུལ་གྱི་ཚན་པ་དང་པོའི་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཚོད་ལྟ་བྱེད་སའི་གྲོང་སྡེར་གྱུར་པ་རེད། ནུས་ཤུགས་ཡོད་རྒུས་གསེར་མདོག་གི་གྲོག་རོང་དང་གསེར་ལུང་གི་ལྷ་ཡུལ་ཞེས་པའི་ཟོང་རྟགས་གྲགས་ཅན་བཟོ་ཆེད། གསེར་ལུང་གྲོང་སྡེས་གཞོང་ས་སྐྱེ་ཁམས་ཀྱི་རང་མདངས་དང་། བོད་རིགས་ཀྱི་མི་ཆོས་ཡུལ་སྲོལ་གོམས་འདྲིས་ལ་བརྟེན་ནས། གྲོང་སྡེ་དང་ཡུལ་མིའི་སྡོད་ཁང་། ནགས་རི། གཞོང་ས་སོགས་ཀྱི་ཐོན་ཁུངས་འཆར་འགོད་གཅིག་གྱུར་བྱས་ཏེ་གནའ་བོའི་གྲོང་སྡེ་དང་ཞིང་པའི་རྨོད་ཞིང་གིས་གཙོ་བོ་བྱས་པའི་ཐུན་མོང་གི་མཛེས་ལྗོངས་ལྟ་སྐོར་དང་བདེ་གསོའི་གུང་གསེང་གཏོང་ས་སོགས་གཞི་གཅིག་ཏུ་གྱུར་པའི་བོད་ཡུལ་གྱི་ངལ་གསོ་གུང་གསེང་གཏོང་སར་ཆགས་པ་རེད། གྲོང་སྡེ་དར་སྤེལ་གཏོང་བའི་དཔེ་སྟོན་ས་ཚུགས་བསྐྲུན་པ་ནས་བཟུང་། ཡུལ་དེས་ལས་གཞི་བཅུ་ལྷག་ལག་བསྟར་བྱས་ནས་རྩེ་གྲའི་ངལ་གསོ་གུང་གསེང་གཏོང་ས་འཛུགས་སྐྱོང་བྱ་རྒྱུའི་འཆར་གཞི་བཞག་པ་རེད། སེར་ལམ་གྲོང་སྡེར་སླེབས་དུས་ཡུལ་དེར་ཨར་ལས་ཀྱི་རྗེས་ཤུལ་གསལ་པོ་མེད་པས། གནའ་བོའི་ཉམས་འགྱུར་དང་ལྡན་པའི་ལྷིང་འཇགས་ཀྱི་གྲོང་སྡེ་དེ་རི་ཁྲོད་དུ་ཆགས་ནས་མཐར་སྐོར་གྱི་ཁོར་ཡུག་དང་ཕན་ཚུན་མཛེས་ཉམས་འགྲན་པའི་རིགས་སུ་མཐུན་པ་རེད།

གྲོང་སྡེ་དར་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རིང་དུ་རང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཀྱི་སྡོད་གནས་འཚམ་པའི་གྲོང་སྡེའི་ཁོར་ཡུག་འཛུགས་སྐྱོང་བྱེད་པར་ཧ་ཅང་དོ་སྣང་བྱས་ནས། ཡུལ་སྐོར་དང་ཞིང་ལས། ནགས་ལས་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླགས་འགྲོ་ཤུགས་ཆུང་བར་མ་ཟད། ད་དུང་མི་སྡོད་ཁོར་ཡུག་ལེགས་བཅོས་གཏོང་བར་ཕན་པའི་ཐོན་ལས་དམིགས་སུ་བཀར་ནས་འཕེལ་རྒྱས་བཏང་བར་མ་ཟད།ད་དུང《དཀར་མཛེས་ཁུལ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་(2018ལོ་ནས2030ལོའི་བར་གྱི་)འཆར་འགོད》བཟོ་འགོད་བྱ་རྒྱུ་སོགས་བྱས་ནས། སྔར་ལས་ལྷག་པར་ཨར་ལས་བྱས་ཏེ་ཁོར་ཡུག་ལ་གཏོར་བརླག་ཐེབས་པར་སྔོན་འགོག་བྱེད་ཐུབ་པ་རེད།

རིག་གནས་ཡུལ་སྐོར་འཕེལ་རྒྱས་ཡག་པོ་བཏང་ནས་གྲོང་སྡེ་དར་རྒྱས་ཀྱི་གོམ་

སྟབས་མགྱོགས་སུ་བཏང་།

མགོ་ཐང་ཡུག་སྦྲེལ་གླིང་ཁུལ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཤར་ངོགས་ཀྱི་རི་སྐེད་དུ་ཆགས་ཡོད་པར་བརྟེན།མགོ་ཐང་རིག་གནས་ཀྱི་ལྟེ་གནས་ས་ཁོངས་ཡིན་པ་དང་ལོ་རྒྱུས་ཐོག་མགོ་ཐང་དཔོན་པོའི་བཞུགས་གནས་ཡིན་པ་རེད། སྨད་པ་ཡུལ་ཤོག་ནི་མགོ་ཐང་རིག་གནས་ཀྱི་ལྟེ་གནས་ས་ཁུལ་ཡིན་ཞིང་། ཡུལ་དེ་གའི་སྡོད་ཁང་བརྒྱ་ཆ90 ནི་རྡོ་དང་ཤིང་ལས་བཟོས་པའི་སྲོལ་རྒྱུན་གྱི་བཟོ་བཀོད་ཡིན་པ་རེད།

སྨད་པ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་ཞུས་ཕེ་ཆིན་གྱིས་ངོ་སྤྲོད་བྱས་དོན། 2018ལོའི་སྤྱི་ཟླ8པར་མགོ་ཐང་དཔོན་པོའི་བཞུགས་གནས་འཛུགས་སྐྱོང་ཡག་པོ་བྱ་ཆེད། སྨད་པ་ཡུལ་ཤོག་གིས་དར་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་མ་དངུལ་གཏོང་འཇོག་སྤྱི་གཉེར་ཁང་ནང་འདྲེན་བྱས་ཏེ་ཟུར་བཅར་གྲོང་སྡེ་དང་རི་གཡང་གྲོང་སྡེར་ཚན་པ་དང་པོའི་ཞིང་པ་དུད་ཚང60ཡི་སྡོད་ཁང་བསྒྱུར་བཀོད་བྱས་པ་དང་། གཞིས་མིས་སྡོད་ཁང་མ་རྐང་ནང་ཞུགས་པའི་བྱེད་སྟངས་སྤྱད་ནས་མགོ་ཐང་དཔོན་པོའི་བཞུགས་གནས་གསར་སྐྲུན་བྱས་པ་རེད།

དོན་དངོས་ཐོག་རང་ཁུལ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ཀྱི་དཔེ་སྟོན་ས་ཁུལ་སྤུས་དག་ཡུལ་སྐོར་ཐོན་ལས་བྱ་ཡུལ་མི་ཉུང་བ་ཞིག་གིས་ཡུལ་དེ་གའི་ཁྱད་ཆོས་རིག་གནས་སྔོག་འདོན་དང་རྒྱུད་འཛིན་བྱས་ནས་དཔལ་འབྱོར་ཡོང་འབབ་འཚོལ་ཐབས་བྱས་པ་ཡིན་ལ། ཡུལ་དངོས་ལ་བཤད་ན།ལྕགས་ཟམ་རྫོང་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འོད་གསལ་བདེ་གསོའི་སྤྲོ་གསེང་ཡུལ་སྐོར་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱེད་སྐབས་ཡུལ་དེ་གའི་གསར་བརྗེའི་རིག་གནས་དང་གནའ་བོའི་ཇ་འདྲེན་གདལ་ལམ་གྱི་རིག་གནས་སྔོག་འདོན་དང་རྒྱུད་འཛིན་བྱ་རྒྱུར་གཙོ་གནད་དུ་བཞག་པ་དང་། གསར་བརྗེའི་ལ་ངོས་དང་སྒོ་སྤྱང་གནའ་བོའི་མཁར་རྫོང་གི་ཡུལ་སྐོར་ཟོག་རྟགས་གྲགས་ཅན་བཟོ་སྐབས་ཡུལ་དེ་གའི་གསར་བརྗེའི་རིག་གནས་དང་ཞིང་རྨོད་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བྱས་ཤིང་། དར་མདོ་གྲོང་ཁྱེར་གྱིས་མགོ་ཐང་དཔོན་པོའི་བཞུགས་གནས་གླིང་ཁུལ་འཛུགས་སྐྱོང་བྱེད་སྐབས་བཟོ་བཀོད་དང་གོས་རྒྱན། བཟའ་བཅའ། སྐད་རིགས་སོགས་ཀྱི་དམིགས་གསལ་ཁྱད་ཆོས་ཀྱི་མགོ་ཐང་རིགས་གནས་སྔོག་འདོན་དང་རྒྱུད་འཛིན་བྱས་པ་རེད། དེ་མིན།རོང་བྲག་རྫོང་གིས་ཡུལ་སྐོར་འཕེལ་རྒྱས་བཏང་ནས་གྲོང་སྡེ་དར་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་སྐབས་ཀྱང་ཡུལ་དེ་གའི་གོས་རྒྱན་རིག་གནས་དང་གནའ་བོའི་རིག་གནས། ཡུལ་སྲོལ་རིག་གནས་སྔོག་འདོན་དང་དར་སྤེལ་གཏང་རྒྱུར་གཙོ་གནད་དུ་བཞག་པ་རེད།

2019ལོར་རང་ཁུལ་གྱིས་གྲོང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེརུ་བཏང་ནས་ཁྲེང་ཏུའུ་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར་དང་བདེ་གསོ་དང་སྤྲོ་གསེང་གཏོང་སའི་བརྗོད་དོན་གཙོ་བོར་དམིགས་ནས། མ་དངུལ་སྒོར་དུང་ཕྱུར8.3ཕྱོགས་བསྡུས་སྙོམས་སྒྲིག་བྱས་ཏེ་ཁྱོན་ཡོངས་ནས་དར་མདོའི་གྲོང་ཁྱེར་གྱི་སེར་ལམ་དང་། ལྕམས་ཟམ་རྫོང་གི་མཚོ་གཉིས། རོང་བྲག་རྫོང་གི་དཔའ་དབང་ཆུང་སོགས་དཔེ་སྟོན་གྲོང་སྡེ102འཛུགས་སྐྱོང་བྱས་ཐུབ་ཡོད་པ་རེད། ཉག་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ཀྱི་ཚན་པ་དང་པོའི་ཚོད་ལྟའི་གྲོང་སྡེ67ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་ཏེ་མཛེས་སྡུག་གི་སི་ཁྲོན་དང་སྡོད་གནས་འཚམ་པའི་ཚད་གཞི་ལྡན་པའི་གྲོང་སྡེ737འཛུགས་སྐྱོང་བྱས་ཚར་བ་རེད། ཁུལ་རིམ་པའི་གྲོང་སྡེ་དར་རྒྱས་ཀྱི་སྔོན་ཐོན་རྫོང(གྲོང་ཁྱེར)4དང་། སྔོན་ཐོན་གྱི་ཡུལ་ཤོག་དང་གྲོང་རྡལ15 དཔེ་སྟོན་གྲོང་སྡེ114 ཡི་མིང་བཏགས་པ། ལེགས་འགྲུབ་ངང་ཞིང་ཆེན་རིམ་པའི་གྲོང་སྡེ་དར་རྒྱས་ཀྱི་སྔོན་ཐོན་ཡུལ་ཤོག་དང་གྲོང་རྡལ2 དང་དཔེ་སྟོན་གྲོང་སྡེ27འཛུགས་སྐྱོང་བྱས་པ་རེད།

2020ལོར་རང་ཁུལ་གྱིས་གནས་མཆོག་དཀར་མཛེས་དང་སྡོད་གནས་འཚམ་པའི་གྲོང་སྡེ་འཛུགས་སྐྱོང་ཇེ་མགྱོགས་བྱས་ནས། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས་པའི་གྲུབ་འབྲས་སྲ་བརྟན་དང་ཇེ་ཡག་ཏུ་གཏོང་ཞིང་། དཔེ་སྟོན་གྲོང་སྡེ15འཛུགས་སྐྱོང་བྱ་རྒྱུ་ཡིན་པ་རེད། ཉག་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ཀྱི་ཚན་པ་གཉིས་པའི་ཚོད་ལྟའི་གྲོང་སྡེ69འཛུགས་སྐྱོང་བྱེད་མགོ་འཛུགས་རྒྱུ། ཁུལ་རིམ་པའི་ཚན་པ་གཅིག་ལ་མིང་བཏགས་པར་མ་ཟད་ཞིང་ཆེན་རིམ་པའི་གྲོང་སྡེ་དར་རྒྱས་ཀྱི་སྔོན་ཐོན་རྫོང་དང་། སྔོན་ཐོན་ཡུལ་ཤོག (གྲོང་རྡལ)དང་དཔེ་སྟོན་གྲོང་སྡེ་ཚན་པ་གཅིག་འཛུགས་སྐྱོང་བྱ་རྒྱུ། གྲོང་སྡེ96གི་འཐུང་ཆུ་གཙང་མའི་ཨར་ལས་སྲ་བརྟན་དང་ཇེ་ཡག་བཏང་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་ལྔ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞིང་པའི་དུད་ཚང42852ཀྱི་ཆབ་ཁང་གསར་འཛུགས་དང་བཟོ་བཅོས་བྱ་རྒྱུ་རེད།། (དབྱངས་ཅན་གྱིས་བསྒྱུར།)