国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཉའ་རྒྱལ་མཚན་གྱིས་ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་སྤྱི་པའི་འཕྲོད་བསྟེན་ཐོག་བྱུང་དོན་རྐྱེན་འགོག་བཅོས་མ་ལག་ཁྲོད་དུ་རྒྱ་བོད་ལུགས་གསོ་རིག་གཞག་དགོས་པའི་སྐོར་གྱི་གྲོས་གཞི་ཕུལ་ཡོད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཁུལ་བོད་སྨན་ཁང་གི་མགོ་གཙོ་གཞོན་པ། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དཀར་མཛེས་ཁུལ་ཟུར་ལུགས་བོད་སྨན་གྱི་འཐུས་ཚབ་རང་བཞིན་གྱི་བརྒྱུད་འཛིན་པ་གཉའ་རྒྱལ་མཚན་གྱིས་ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་བོད་ལུགས་གསོ་རིག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཕན་ནུས་ཆེན་པོ་ཐོན་ཡོད་ཚུལ་སྐོར་གླེང་བ་དང་། རྒྱ་བོད་ལུགས་གསོ་རིག་སྤྱི་པའི་འཕྲོད་བསྟེན་ཐོག་བྱུང་དོན་རྐྱེན་འགོག་བཅོས་མ་ལག་ཁྲོད་དུ་གཞག་དགོས་པའི་སྐོར་གྱི་གྲོས་གཞི་ཕུལ་བ་རེད།

ཏོག་གསར་གློ་རིམས་བྱུང་བ་དང་གཉའ་རྒྱལ་མཚན་དེ་མ་ཐག་རང་ཁུལ་རྟའུ་རྫོང་དུ་རིམས་འགོག་གི་འཐབ་རར་ཕྱིན་ནས་བོད་ལུགས་གསོ་རིག་གིས་རིམས་འགོག་ལས་ལ་གཞོལ་བས་རིམས་ཚུལ་འགོག་བཅོས་ཚོད་འཛིན་ཁྲོད་དུ་བྱས་རྗེས་ཆེན་པོ་བཞག་པ་རེད།

ཁོང་གིས་གསུངས་དོན། ད་ལོར་ང་ཚོས་ཏོག་གསར་གློ་རིམས་དང་འཐབ་པའི་དངོས་ཡོད་ལག་ལེན་ཐོག་ནས་བོད་ལུགས་གསོ་རིག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཕན་ནུས་ཆེན་པོ་ཐོན་ཡོད་པ་ར་སྤྲོད་བྱུང་ཡོད། ང་རང་བོད་ལུགས་གསོ་རིག་སྨན་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས། ངས་ནམ་ཡང་རྒྱ་བོད་ལུགས་གསོ་རིག་གིས་རིམས་ནད་ཚབས་ཆེན་འགོག་བཅོས་བྱེད་པའི་མ་ལག་གི་ཁྲོད་དུ་སོ་སོའི་རིན་ཐང་ཇི་ལྟར་མངོན་དགོས་པ་དང་། རྒྱ་བོད་ལུགས་གཙོས་པའི་མི་རིགས་གསོ་རིག་ཁོངས་སུ་གཏོགས་པའི་རིམས་ནད་ཚབས་ཆེན་འགོག་བཅོས་ཀྱི་མ་ལག་ཇི་ལྟར་འཛུགས་སྐྱོང་བྱ་དགོས་པ་དང་། དེའི་ཐད་ང་ཚོས་ཅི་ཞིག་བསྒྲུབ་དགོས་པ་དང་། ང་ཚོས་ཅི་ཞིག་སྒྲུབ་ནུས་པ་སོགས་ཀྱི་སྐོར་ལ་མནོ་བསམ་བཏང་བ་ཡིན། མཚོ་བོད་མཐོ་སྒང་དུ་བོད་ལུགས་གསོ་རིག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ལག་ལེན་ལ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་རེད། རྒྱ་བོད་ལུགས་གསོ་རིག་གིས་མི་ལུས་རང་ཉིད་ཀྱི་ནད་འགོག་ནུས་པ་ལ་དོ་སྣང་བྱེད་ཅིང་འདུ་བ་སྙོམས་མིན་ལ་དོ་ཁུར་བྱས་པ་རེད། ལྷག་པར་དུ་ནད་ཀྱི་འབྱུང་ཁུངས་མི་གསལ་བ་དང་སྨན་བཅོས་བྱེད་སྟངས་གནད་ལ་སྨིན་པ་མེད་པའི་འགོས་ནད་ཀྱི་རིགས་ལ་དུས་ཐོག་རྒྱ་བོད་གསོ་རིག་གིས་སྨན་བཅོས་བྱས་པ་ཡིན་ན། འགོས་ནད་སྨན་བཅོས་བྱེད་པར་ཞི་ལྷོད་ཀྱི་བར་ས་ཞིག་བཤུག་ཐུབ་ཅིང་། སྨན་བཅོས་ཀྱི་དུས་ཚོད་དེ་བས་མང་བ་དང་ནད་ཐོག་གི་སྨན་བཅོས་ཕན་འབྲས་དེ་བས་ཆེ་རུ་ཡོང་ཐུབ་པ་རེད།

གཉའ་རྒྱལ་མཚན་གྱིས་གསུངས་དོན། 2020ལོའི་ཟླ་བ2པའི་ཚེས14ནས་ཟླ་བ3པའི་ཚེས12བར། རྟའུ་རྫོང་གཙོས་པའི་ས་གནས་སུ་ཏོག་གསར་གློ་རིམས་འགོག་པའི་ཁྲོད་དུ། ཁུལ་ཡོངས་ཀྱི་ཏོག་གསར་གློ་རིམས་ཕོག་པའི་ནད་པ78ཁྲོད་དུ76གིས་རྒྱ་སྨན་ཏོག་གསར་གློ་རིམས་ཀྱི་སྨན་དང་པོ་དང་བོད་སྨན་གློ་རིམས་ཀུན་སེལ་བཏུང་ཡོད་ཅིང་བརྒྱ་ཆ97ལ་ཟིན་ཡོད། རྟའུ་རྫོང་གི་ཏོག་གསར་གློ་རིམས་ཕོག་པའི་ནད་པ60དང་དོགས་ཡོད་ནད་པ་རྣམས་ལ་བོད་སྨན་བླུད་ནས་ནད་པའི་ནད་ཚབས་ཆེ་རུ་མི་འགྱུར་བར་སྔོན་འགོག་བྱས་ཡོད། ནད་དྲག་ནས་སྨན་ཁང་ལས་བུད་རྗེས་གསོ་རིག་བརྟག་ཞིབ་དང་ལེན་ཞུས་པའི་ནད་པ65ལ་སྨན་བཅོས་རྗེས་མཐུད་བྱས་ནས་མི་གཅིག་ཀྱང་ནད་ཚུལ་བསྐྱར་དུ་ལོག་མེད་པའི་འབྲས་བུ་ཐོན་ཡོད། བོད་ལུགས་གསོ་རིག་གི་ཐེངས་འདིའི་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་ཀྱི་ནུས་པ་ཡོངས་སུ་ཐོན་ཡོད་པ་རེད།

གཉའ་རྒྱལ་མཚན་གྱིས་གསུངས་དོན། རང་རྒྱལ་གྱི་ད་སྔའི་འགོས་ནད་འགོག་བཅོས་ཚོད་འཛིན་གྱི་མ་ལག་དང་ནང་སྲོག་འཛུགས་སྐྱོང་གི་ཁྲོད་དུ། ལམ་ལུགས་ཀྱི་ཐད་ནས་རྒྱ་བོད་སྨན་དམ་འཛིན་མཉམ་བྱེད་ཀྱི་བླང་བྱ་རྦད་དེ་མངོན་འགྱུར་ཡོང་བར་བྱས་ཏེ། རྒྱ་བོད་ལུགས་གསོ་རིག་གི་འགོག་བཅོས་ནུས་པ་སྔར་ལྷག་གིས་ཇེ་ཆེར་གཏོང་བ་ནི་ཀུན་གྱི་འདོད་མོས་ཡིན་ཞིང་ལག་ལེན་མི་བསྟར་ཀ་མེད་རེད། དེར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་དང་དེ་བཞིན《རྒྱ་སྨན་གསོ་རིག་ཁྲིམས་གཞུང་》ཀྱི་གཏན་འབེབས་བཅས་དོན་འཁྱོལ་ཧུར་ཐག་བྱས་ཏེ། རང་རྒྱལ་གྱི་སྤྱི་པའི་འཕྲོད་བསྟེན་ཐོལ་བྱུང་དོན་རྐྱེན་འགོག་བཅོས་མ་ལག་ཁྲོད་དུ་རྒྱ་བོད་ལུགས་གསོ་རིག་ཚུད་པར་བྱ་དགོས།

གཉའ་རྒྱལ་མཚན་གྱིས་གསུངས་དོན། བོད་རིགས་མི་དམངས་ཀྱིས་བོད་ལུགས་གསོ་རིག་ལ་ངེས་གཏན་གྱི་རིག་གནས་མོས་མཐུན་འདུ་ཤེས་དང་ཡིད་རྟོན་འདུ་ཤེས་ཤིག་ངམ་ཤུགས་སུ་གནས་ཤིང་། ས་ཁུལ་གཞན་དང་མི་འདྲ་བར་བོད་རིགས་འདུས་སྡོད་ས་ཁུལ་ཏེ་ལྗོངས་གཅིག་ཞིང་བཞི་རུ་བོད་ལུགས་གསོ་རིག་ཁོངས་སུ་ག་ཏོགས་པའི་འགོད་ནད་ཚབས་ཆེན་འགོག་བཅོས་ཀྱི་སྤྱི་པའི་འཕྲོད་བསྟེན་ཐོལ་བྱུང་དོན་རྐྱེན་གྱི་འཚུབ་བསྟུན་མ་ལག་འཛུགས་པ་ཚོད་ལྟ་བྱ་ཆོག་པ་དང་། ས་གནས་དེ་གའི་བོད་ལུགས་གསོ་རིག་སྒྲིག་གཞིའི་འཚུབ་བསྟུན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་ཞིང་། རིམས་ནད་ཚོད་འཛིན་ལྟེ་གནས་སུ་བོད་ལུགས་གསོ་རིག་གི་འཚུབ་བསྟུན་ཚན་ཁག་གསར་འཛུགས་བྱ་དགོས། དེ་ནས་མ་ལག་འཛུགས་སྐྱོང་གི་ཁྲོད་དུ་རྒྱ་བོད་ལུགས་གསོ་རིག་དངོས་སུ་ཚུད་ཅིང་ལམ་ལུགས་ཀྱི་འགན་སྲུང་ཐོབ་པའི་རྗེས་སུ། རིམས་ནད་ཀྱི་གནས་ཚུལ་བྱུང་བའི་ཚེ། གཞི་ནས་འགོས་ནད་ཚབས་ཆེན་སོགས་སྤྱི་པའི་འཕྲོད་བསྟེན་ཐོལ་བྱུང་དོན་རྐྱེན་ཁྲོད་དུ་རྒྱ་བོད་ལུགས་གསོ་རིག་གིས་འཚུབ་བསྟུན་ཐག་གཅོད་བདེ་བླག་ངང་ཡོང་ཐུབ་པ་དང་། རིམས་ཚུལ་གྱི་དུས་རིམ་ཐོག་མར་སྔོན་འགོག་དང་། བར་དུ་སྐྱོབ་བཅོས། མཐའ་མའི་བདེ་སོས་བཅས་ཀྱི་ཐད་ལ་ནུས་པ་འདོན་སྤེལ་ཧུར་ཐག་བྱ་ཐུབ་པ་རེད།།

(སྐལ་ཐུབ་ཀྱིས་བསྡུས་བསྒྱུར་བྱས།)