སྤྱི་ཟླ6པའི་ཚེས15ནས་ཚེས19ཉིན་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དཀར་མཛེས་ཁུལ་སེར་ཤུལ་རྫོང་དང་། སྡེ་དགེ་རྫོང་། དཔལ་ཡུལ་རྫོང་། དཀར་མཛེས་རྫོང་། གསེར་ཐར་རྫོང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཡག་པོ་བྱ་དགོས། ལོ་ཧྲིལ་པོའི་དམིགས་ཡུལ་ལས་འགན་ལ་གཞིགས་ནས་བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ་དབུལ་ཐར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཇེ་མཐོར་གཏོང་བ་དང་ཆབས་ཅིག ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་དང་སྟོབས་ལྡན་གཏང་དགོས། མེ་སྐྱོན་དང་ཆུ་ལོག་གི་གནོད་འཚེ། ས་གཤིས་ཀྱི་གནོད་འཚེ་སོགས་ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་ཟོན་དང་མེད་པ་བཟོས་དགོས། མི་རིགས་ཆོས་ལུགས་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ནས་བོད་ཁུལ་གྱི་མང་ཚོགས་བདེ་སྐྱིད་བག་ཕེབས་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས།
ཕེང་ཆིང་ཧྭ་དང་བཅས་པས་ལ་བརྒྱབ་ལུང་བརྒལ་བྱས་ཏེ་ལམ་ཐག་རིང་ཚད་བསྡོམས་འབོར་སྤྱི་ལེ1500ཙམ་བརྒྱུད་ནས་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཡུག་སྦྲེལ་ས་ཁུལ་དུ་ཕེབས་ཏེ། མང་ཚོགས་དབུལ་ཐར་འབྱོར་འབྲིང་དུ་བསྐྱོད་ཚུལ་དང་ལྷག་པར་དུ་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། སེར་ཤུལ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བའི་རྫོང་ཞིག་ཡིན་ཞིང་། ཕེང་ཆིང་ཧྭ་རྐང་ཐང་དུ་སེར་ཤུལ་ཡུལ་ཤོག་དར་དམར་གྲོང་སྡེ་གཉིས་པར་ཕེབས་ནས་གྲོང་སྡེའི་རྣམ་པ་བཟོ་བཀོད་ཐད་རྟོག་ཞིབ་གནང་ཞོར་དུ་དབུལ་ཕོངས་ལས་ཐར་བའི་མང་ཚོགས་ཆོས་ལྡན་ཚང་ལ་འཚམས་འདྲི་གནང་བར་ཕེབས་ཏེ་ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་ནས་ཁ་བརྡ་ལབ་ནས་གནས་ཚུལ་རྒྱུས་ལོན་མཛད་པ་རེད། དཔལ་ཡུལ་རྫོང་འབྲི་ཆུ་ཡུལ་ཤོག་གྲོང་ཞིང་གྲོང་སྡེ་དང་གསེར་ཐར་རྫོང་གསེར་ཁོག་གྲོང་གི་ཁམས་བདེ་འདུས་སྡེ་ཁུལ་དུ་འཚམས་འདྲི་ཕེབས་སྐབས་གཞིས་མི་སྐལ་བཟང་རྡོ་རྗེ་དང་དཔལ་ལྡན། ཕྱུག་སྐྱིད་སོགས་ཀྱིས་ཕེང་ཆིང་ཧྭ་ལ་ཡུལ་མི་གནས་སྤོ་དབུལ་སྐྱོར་དང་བོད་ཁུལ་གྱི་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་བྱས་ཏེ་ཁོ་ཚོ་བང་ཁང་ཐབས་ཆགས་ནས་ཡངས་ཤིང་གསལ་བའི་སྡོད་ཁང་གསར་པའི་ནང་སྤོས་ཐུབ་ཡོད། (པར་ངོས་བཞི་པར་གཟིགས།)
