ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གྲོང་ཡུལ་རིམ་སྤོར་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རྫོང་གྲོང་སྟོབས་ཆེ་རུ་གཏོང་བ་དང་ནུས་པའི་མི་འདང་སར་ཉིན་བཞིན་ཁ་གསབ། ཡུལ་ཤོག་ལེགས་བསྒྱུར། ས་ཁོངས་ཀྱི་ཁྱད་ཆོས་ཉིན་རེ་བཞིན་མངོན་གསལ་དོད་པོ་ཡོང་བ་དང་། མཛེས་སྡུག་ལྡན་པའི་གྲོང་སྡེ་ཞིག་ཏུ་གྱུར་ནས་མང་ཚོགས་ཀྱི་བློ་ཡིད་ཚིམས་ཤིང་། མཉམ་ལས་མཉམ་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
གྲོང་ཁྱེར་གྱི་བྱེད་ནུས་ངེས་གནས་དང་འགན་ནུས་ལས་བགོས་འབུར་ཐོན། གྲོང་ཁྱེར་གྱི་གཞུང་ལམ་དང་ཟམ་པ། ཆུ་མཁོ་འདོན། གད་སྙིགས་དང་བཙོག་ཆུ་གཙང་སེལ། སྤྱི་པའི་གསང་སྤྱོད་ཁང་སོགས་ཀྱི་རྨང་གཞི་དང་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། དཀར་མཛེས་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ལེགས་སུ་ཕྱིན་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་པ་རེད།
ས་གནས་ཁག་གི་ཐོན་ཁུངས་རང་སྤུས་དང་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་ལ་བརྟེན་ནས། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཡུལ་ཤོག་གི་འགྲིམ་འགྲུལ་དང་ནུས་ཁུངས། ཆུ་མཁོ་འདོན། སློབ་གསོ། སྨན་བཅོས། རིག་གནས་སོགས་ཀྱི་རྨང་གཞི་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་རིག་གནས་ཡུལ་སྐོར་དང་ཚོང་དོན་ཞབས་ཞུ། བོད་ལུགས་གསོ་རིག་དང་བོད་སྨན། ཁྱད་ཆོས་ཞིང་ཕྱུགས་ཐོན་རྫས་ཀྱི་རིགས་རྒྱུད་གསོ་སྤེལ་དང་བཟོ་སྣོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཡུལ་སྲོལ་གོམས་གཤིས་ལྡན་པའི་གྲོང་རྡལ་ཆུང་ངུ121བསྐྲུན་ནས་རྒྱལ་ཁབ་ཕྱི་ནང་ལ་སྐད་གྲགས་ཡོད་པའི་ཁྱད་ཆོས་གྲོང་རྡལ་ཆུང་ངུ་ཁག་གཅིག་བསྐྲུན་ཡོད་པ་རེད།
ཐོན་ལས་དང་གྲོང་སྡེ་གཞི་གཅིག་ཏུ་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ། ཉེན་གཡོལ་གནས་སྤོ། གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་སོགས་ཀྱི་ལས་གཞི་ལག་བསྟར་ཤུགས་ཆེན་གཏོང་བ་དང་། གསུམ་འཛུགས་མཉམ་སྤེལ་བྱ་རྒྱུ་ལ་དམིགས་ནས་གྲོང་སྡེའི་དོ་དམ་དང་ཁོར་ཡུག་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ནས། ནུས་ཤུགས་ཡོད་རྒུས་ཡུལ་བབ་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་འབད་ནས། ཁུལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་སྡེ458དང་དབུལ་སྐྱོར་གྲོང་སྡེ་གསར་པ1360བསྐྲུན་ཡོད་པ་རེད།།
﹙བདེ་སྐྱིད་ཀྱིས་བསྒྱུར།﹚
