国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལིའུ་ཁྲེང་མིང་གིས་རོང་བྲག་རྫོང་དུ་ཉེན་སྐྱོབ་གནོད་སེལ་ལས་དོན་ལ་ཞིབ་བཤེར་ཁྲིད་སྟོན་གནང་སྐབས།

ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་གནོད་སེལ་གྱི་ལས་ཀ་ཁག་ཡག་མོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས་ཞེས་གསུངས།

ལིའུ་ཁྲེང་མིང་གིས་རོང་བྲག་རྫོང་གི་གནད་སྐབས་བཀོད་འཇོག་བྱེད་སར་གནོད་ཐེབས་མང་ཚོགས་ལ་མཛའ་ངང་གནས་ཚུལ་དྲིས་བཞིན་པའི་ཚུལ་རེད།

སྤྱི་ཟླ6པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་རོང་བྲག་རྫོང་དུ“6·17”གྱི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སྐྱོབ་གནོད་སེལ་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་བྱས་པ་དང་འབྲེལ་ཚོགས་འདུ་གཙོ་སྐྱོང་བྱས་ནས་ཕྱིན་ཆད་ཀྱི་ཉེན་སྐྱོབ་གནོད་སེལ་ལས་དོན་བཀོད་སྒྲིག་མཛད་པ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མངའ་དཔོན་དབྱིན་ལིའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ལ་བླ་ན་མེད་པའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་གནོད་སེལ་གྱི་ལས་དོན་ཁག་ཡག་མོ་བསྒྲུབ་རྒྱུ་དང་། བྱེད་ཐབས་མང་པོ་བླངས་ནས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་ཡག་པོ་བྱ་དགོས། ལས་ཀའི་བྱེད་ཐབས་ཁག་སྔར་ལས་འཐུས་ཚང་དུ་བཏང་ནས་ཞོར་ཐོན་གནོད་འཚེ་འབྱུང་རྒྱུ་འགོག་ཟོན་ནན་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས་ཞེས་གསུངས།

གནོད་འཚེའི་གནས་ཚུལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱ་ཆེད། ལིའུ་ཁྲེང་མིང་དང་ཐོག་དམུ་རྡོ་རི་བོ་གྲོང་རྡལ་དུ་རི་ཀླུང་བརྒལ་ནས་འགྲོ་ལམ་དང་ཁང་པར་གཏོར་བཤིག་ཐེབས་ཚུལ་ལ་བརྟག་ཞིབ་བྱེད་དུས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གནོད་ཐེབས་མང་ཚོགས་དང་བྱམས་བརྩེའི་ངང་ཁ་བརྡ་ལབ་ནས་རོགས་སྐྱོབ་གནས་ཚུལ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱས་ཚུལ་རྒྱུས་ལོན་གནང་བ་རེད། ཁོང་གིས་ཚང་མར་ཏང་ཨུ་དང་སྲིད་གཞུང་གིས་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་བྱས་འོག རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་འཆང་བ་དང་དཀའ་ངལ་ཁྱད་བསད་བྱེད་ཕོད་པ། ཏང་ཨུ་དང་སྲིད་གཞུང་གིས་ཉེན་སྐྱོབ་གནོད་སེལ་ལས་དོན་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ། མ་སྐུལ་དང་བླངས་ཀྱིས་ཉེན་སྐྱོབ་གནོད་སེལ་དང་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་ཁག་ནང་ཞུགས་དགོས་པ་སྐུལ་ལྕག་བཏང་བ་རེད། (པར་ངོས་བཞི་པར་གཟིགས།)