国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གལ་ཏེ།

འཇིག་རྟེན་འདི་གལ་ཏེ་མང་པོ་ཞིག་གིས་གྲུབ་སྟེ། གལ་ཏེ་ཁྱོད་དགེ་རྒན་ཞིག་གམ་ཡང་ན་ལས་བྱེད་པ་ཞིག་གི་བུ་ཕྲུག་ཡིན་ན་ཁྱོད་ཀྱིས་ཅི་བྱེད། གལ་ཏེ་ཁྱོད་ཕྱི་རོལ་ཏུ་འཚོ་བ་རོལ་བཞིན་པའི་བོད་མི་ཞིག་ཡིན་ན་ཡང་ཁྱོད་ཀྱིས་ཅི་བྱེད། གལ་ཏེ་ཁྱོད་འཛམ་གླིང་ན་སྙན་པར་གྲགས་པའི་རྩོམ་པ་པོ་ཞིག་ཡིན་ན་ཁྱོད་ཀྱིས་ཅི་བྱེད། ཁྱོད་ཀྱིས་དེ་ཚོ་ལ་བསམ་བློ་བཏང་མྱོང་ངམ། དེ་བས་ང་རང་ལ་མཚོན་ན་ནམ་རྒྱུན་དེ་ཚོ་ལ་བསམ་བློ་གཏོང་བཞིན་ཡོད།

གལ་ཏེ་ང་དགེ་རྒན་ཡང་ན་ལས་བྱེད་པ་ཞིག་གི་བུ་ཕྲུག་ཡིན་ན། ངས་ང་ཚོ་བོད་རིགས་ཀྱི་ངོ་གནོང་མི་དགོས་པའི་སྐད་དང་ཡི་གེ་སྤྱད་དེ་རང་རིགས་ལ་ངོ་ཚ་བཟོ་མི་སྲིད། ད་དུང་རྒྱུན་པར་རང་ཉིད་ཀྱིས་མི་ཤེས་པ་དག་རང་ཉིད་ཀྱི་ཕ་མར་འདྲི་བ་དང་དེ་མིན་སློབ་གྲོགས་རྣམས་ལ་འདྲ་མཉམ་གྱི་ལྟ་སྟངས་ལས་རང་ཆེ་རང་སྟོབས་ཀྱི་ཚོར་བ་ཞིག་གཞན་ལ་སྟེར་མི་སྲིད། རྒྱུ་མཚན་ནི་ང་ཡང་གང་ཟག་ཅིག་གི་བྱིས་པ་ཡིན་པ་ལས་གནམ་ནས་ལྷུང་ཡོང་བ་མ་ཡིན། ང་ནི་རིག་གནས་ཀྱི་ཆུ་ཚད་རྩེ་རུ་སོན་པའི་རྒྱལ་ཁབ་ཀྱི་ཟླ་ཕོག་ལེན་མཁན་གྱི་མི་བུ་ཞིག་གི་བུ་ཕྲུག་ཡིན་པས་དགའ་བར་འོས། འོན་ཀྱང་དེ་ལས་ཀྱང་དགའ་འོས་པ་ནི་རང་གི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་མི་ཤེས་པའི་ཤེས་བྱའམ་ཐེ་ཚོམ་ཅན་དག་རང་ཉིད་ཀྱི་ཕ་མར་འདྲི་ཆོག་པ་དེའོ།།

གལ་ཏེ་ང་ཕྱི་རོལ་ཏུ་འཚོ་བ་རོལ་བཞིན་པའི་བོད་མི་ཞིག་ཡིན་ན། ངས་རང་མི་རིགས་ཀྱི་བླ་སྲོག་མི་བརྗེད་པར་མ་ཟད་རང་གི་ཉེ་འགྲམ་གྱི་གྲོགས་པོ་དང་ངོ་ཤེས་དག་ལ་བོད་ཀྱི་སྐད་ཡིག་འཁྲིད་རྒྱུ་ཡིན། སྤྱིར་རྒྱ་ནང་དུ་འཚོ་བའི་རྐྱེན་གྱིས་འཚོ་བའི་རོལ་སྟངས་མང་པོ་ཞིག་འགྱུར་སྲིད་ན་ཡང་། མ་མཐར་ལག་ནས་ཕྲེང་བ་་དང་ཁ་ནས་མ་ཎི་འདོར་བ་མི་བྱ། དེ་ནི་ང་རང་བོད་མི་ཞིག་ཡིན་པ་དང་ངའི་ཤ་དང་རུས་པ་བོད་ལས་གྲུབ་པའོ།།

གལ་ཏེ་ང་འཛམ་གླིང་དུ་སྙན་པར་གྲགས་པའི་རྩོམ་པ་པོ་ཞིག་ཡིན་ན། ངས་རང་གི་རྩོམ་འབྲིའི་སྒྱུ་རྩལ་གྱིས་བོད་མི་རིགས་ཀྱི་ཁྱད་མཚར་བརྗིད་ཉམས་ཅན་གྱི་འཛུགས་སྐྲུན་ཆེན་མོ་དག་དང་ངོ་མཚར་གྱི་གནའ་བོའི་ལོ་རྒྱུས། མཛེས་སྡུག་ལྡན་པའི་རི་ཆུ་སོགས་འཛམ་གླིང་དུ་ཁྱབ་ཏུ་འཇུག་ངེས་ཡིན།

འདི་དག་གལ་ཏེ་ཡིན་པའི་རྐྱེན་གྱིས་ངས་དེ་ལྟར་སྒྲུབ་མི་ཐུབ་པ་ཤ་སྟག་ཡིན་མོད། འོན་ཀྱང་བོད་མི་རིགས་ཀྱི་སློབ་བུ་མང་པོ་ཞིག་གི་བསམ་ཚུལ་འདི་ལྟར་ཡིན་ན། ང་ཚོའི་མི་རིགས་འདི་ནམ་ཡང་འཛམ་གླིང་གི་ཡང་རྩེ་ཡིན་ལ། མཐར་ང་དང་རིགས་གཅིག་པའི་བོད་ཀྱི་སློབ་གཉེར་བ་ཚོ། རྒྱུན་པར་རང་མི་རིགས་ཀྱི་ཆེད་དུ་འབད་བརྩོན་རེ་བྱོས། རང་ཉིད་ཀྱི་མི་རིགས་ཀྱི་ཆེད་དུ་སྟོབས་ཤུགས་རེ་འདོན། རྒྱུ་མཚན་ང་ཚོ་ནི་མི་རིགས་འདིའི་རྗེས་འཛིན་པ་ཡིན།

བརྒྱད་གཅིག་འཛིན་གྲྭ།༼ བདེ་སྐྱིད་མཚོ། ༽