ཤེས་མེད་ཀྱི་མི་ཕལ་བ་ཞིག རྨོངས་དད་ཀྱི་སྡོང་རྒན་ཁོག་རུལ་ཞིག མདུན་ལམ་དང་མ་འོངས་ལ་གྲ་སྒྲིག་མེད་པའི་ནམ་མཁའི་འདབ་ཆགས། ཉིན་རེའི་དུས་འདའ་བར་ལྟོ་འགྲངས་ཙམ་ལ་རེ། སྒྱིད་ལུག་དང་ལེ་ལོ་ལ་ཞེན་ཞིང་བརྩོན་པ་བསྐྱེད་མི་ཐུབ་པའི་བླུན་པོ་ང་། འདི་ལྟར་སོང་ན་མ་འོངས་པའི་ཕུགས་བསམ་མངོན་འགྱུར་ཡོང་བ་ལྟ་ཅི། མདུན་སྐྱོད་ཀྱི་ལམ་བུ་ཡང་མུན་ནག་གི་རལ་གྲིས་གཏུབ་ཤིང་གཙབས་ནས་སློབ་གསོའི་དྲོད་ཐིག་ནི་ནམ་ཡང་མྱོང་དུ་མེད།
འདི་ལྟར་སོང་ན། ཕ་མ་དང་གཉེན་ཉེ། སློབ་གྲོགས་དག་གི་སེམས་ནང་གི་ང་ནི་རིན་ཐང་དང་ཡོན་ཏན་ཅི་ཡང་མེད་པའི་པྲ་ཆལ་དང་རིག་རྟུལ་གྱི་ན་གཞོན་ཞིག་ཏུ་འགྱུར། དེས་ན་ང་འདི་ལྟར་སོང་ན་མི་འགྲིག་སྟེ། ད་ནི་རང་ལ་རང་ཉིད་རྟེན་སའི་མ་འོངས་པ་ཞིག་བསྐྲུན་དགོས་པའི་དོན་འདི་ལ་བསམ་གཞིག་ཅིག་བྱེད་རན་འདུག སྔོན་ཆད། རང་ལ་རང་གི་འདུ་ཤེས་དང་བསམ་གཞིག་ལས་བྱུང་བའི་བསམ་བློ་རྣལ་མ་ཞིག་སྐྱེས་པ་ལྟ་ཅི། དོན་དག་ཅིག་གི་ལེགས་ཉེས་ལ་བསམ་བློ་གཏོང་བའི་རིག་པ་དེའང་རྩ་བ་ནས་མེད། འོན་ཀྱང་། ང་ཞེས་པ་ནི་འགྱུར་ལྡོག་ཅན་ཡིན་པས། སྐབས་འགར་བློ་རྒོད་རིག་ཡག་གི་སློབ་བུ་ཡ་རབས་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ཏུ་འགྱུར་བ་ཡིན་ནོ།།
ད་ལྟ་མདུན་སྐྱོད་ཀྱི་ལམ་བུ་ཀྱག་ཀྱོག་འདི་ནི་དར་ཚོན་སྣ་ལྔས་བརྒྱན་ཡོད་ལ། བསམ་གཞིག་དང་དྲན་དབང་འདི་ཡང་འཆར་ཡན་གྱི་མེ་ལོང་དུ་ཤར་བ་བཞིན། བསམ་ཞིང་བསམ་ན་ཆ་རྐྱེན་དང་ན་ཚོད་ཀྱིས་ལྕོག་པའི་སྐབས་འདིར། བསམ་བློ་དང་སྤྱོད་པ་རྒྱ་ཡན་དུ་གཏོང་མི་རུང་བ་ཤེས།
ཤེས་ཡོན་མེད་པའི་སྨག་ནག་གི་མུན་པ་དེར་ང་རང་དངོས་གནས་དངངས་སྐྲག་སྐྱེ་ཡི་འདུག རྨོངས་མུན་གྱི་མུན་ནག་དེ་ལས་ཕྱིར་ཐར་རྒྱུ་མེད་པར་བསམ་ན་ང་རང་དེ་བས་སྐྲག དགེ་རྒན་དང་སློབ་གྲྭའི་ཁོར་ཡུག་ནི་ངའི་མུན་སེལ་སྒྲོན་མེ་ཡིན་པ་དང་། ང་རང་སྨག་ནག་གི་འཇིག་རྟེན་འདི་ནས་ཕྱིར་སྤྲོད་མཁན་དེ་ཡིན་ངེས། དེའི་རྒྱུ་མཚན་གྱིས། ངས་ནམ་ཡང་སློབ་གྲྭའི་ཁོར་ཡུག་དང་དགེ་རྒན་གྱི་བསླབ་བྱ་ཚང་མ་དམ་འཛིན་བྱེད་དགོས། ད་ངས་གོ་སོང་། ངས་ནམ་ཡང་རང་ཉིད་ཡིད་ཚིམ་པའི་སློབ་སྦྱོང་རེ་བྱེད་ཐུབ་ན་དེ་ནི་ཆེས་འོད་སྟོང་འབར་བ་དང་རང་ཉིད་མི་གྲལ་ཟིན་པའི་ཐབས་ཤེས་ངོ་མ་དེ་རེད་འདུག
ཡང་གཅིག་བཤད་ན། ངའི་འོས་འགན་ནི་ཅི་འདྲ་ཆེ་བ་ལ། ང་ནི་མང་པོ་ཞིག་གིས་རེ་ལྟོས་བྱེད་ས་རེད། ཕ་མ་དང་གཉེན་ཉེ་བཤད་མི་དགོས། མ་འོངས་པའི་མི་རིགས་ཤིག་གི་གདུང་འདེགས་ཀྱི་ཀ་བ་ཡང་ང་རེད། ང་ནི་སྔོན་ཆད་ཀྱི་བླུན་པོ་དེ་ཡིན་མི་ཆོག་པར། སྦྲང་མ་མེ་ཏོག་ལ་འཁོར་བ་ལྟར། བཤེས་གཉེན་དམ་པ་ལ་འཁོར་བའི་སློབ་བུ་ཞིག་ཡིན། ང་འཁོར་དགོས་ས་ཡང་དགེ་རྒན་རེད་ལ། ང་ནི་སྟོབས་ཤུགས་དང་བློ་གྲོས་ཀུན་གྱིས་ཕྱུག་པའི་སློབ་བུ་ཞིག་ཏུ་འགྱུར་དགོས་སོ།།
དགུ་གཅིག་འཛིན་གྲྭ། ༼ འཆི་མེད་མཚོ། ༽
