国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྦྲ་ནག་།

ཀེ་ལ་ཤའི་འདབས་རོལ་དང་སྤང་ལྗོངས་སྔོན་མོའི་དཀྱིལ་དབུས་ན་སྙིང་དུ་སྡུག་པའི་ངའི་ཕ་གཞིས་སྨུག་པོ་སྟེ། སྦྲ་ནག་ལགས། ངའི་བསམ་གཞིག་གི་རི་རྩེ་ན་སྨུག་སྤྲིན་བཞིན་འཐིབ་པ་ནི་ཁྱེད་ཡིན་ལ། ངའི་རྨི་ལམ་གྱི་བང་རིམ་ན་དར་ལྕོག་བཞིན་གཡོ་བའང་ཁྱེད་རང་ཡིན། ཁྱེད་ཀྱིས་ནོར་ནག་གི་ཞོལ་རྩིད་ལས་ཚེ་སྲོག་རྙེད་པ་ནས་བཟུང་། ཁྱེད་དང་གངས་ཅན་པའི་སྐྱིད་སྡུག་མཉམ་དུ་འདྲེས་ལ་ཁྱེད་དང་གངས་ཅན་པའི་ལས་དབང་མཉམ་དུ་བསྡེབས་པ་རེད། ཁྱེད་དང་གངས་ཅན་པའི་སྨོན་ལམ་ཡང་ཁ་བའི་ལྗོངས་ལ་མཉམ་དུ་ཐེབས།

སྦྲ་ནག་ལགས། ཁྱེད་ཀྱི་སྒེར་སེམས་སྤུ་ཙམ་མེད་པའི་གཤིས་སྤྱོད་དེས་རི་ཁ་བའི་ལྗོངས་ན་གནས་པའི་བུ་དང་བུ་མོ་ཚོའི་མིག་དཔེ་བྱས་ཡོད། ཨེ་མ། ཁྱེད་ནི་འདི་འདྲའི་སྤོབས་པ་ཅན་ཞིག་རེད་ཨང་། དགུན་གསུམ་གྱི་ཁ་བ་བུ་ཡུག་དང་། དབྱར་གསུམ་གྱི་ཆར་རླུང་སྨུག་པོའི་ཁྲོད་ན་ཁྱེད་ཀྱིས་མགོ་མི་སྒུར་ལ་དཔའ་མི་ཞུམ་པར་ཀྲོང་ངེར་འགྱིང་ཡོད།

སྦྲ་ནག་ལགས། གདོང་དམར་བའི་ཕ་གཞིས་སྨུག་པོ། ཁྱེད་ནི་མེས་པོ་ཚོའི་གསར་གཏོད་ཀྱི་ཤེས་རབ་ལས་འཁྲུངས་པ་ཡིན་པས་གཞན་ལ་ངོམ་ཆོག་ཆོག་གི་ཕ་གཞིས་དེ་ཡིན། ཁྱེད་རང་མེད་ན་གདོང་དམར་བའི་སྡེ་ཟེར་བ་གང་ལ་གོ། ཁྱེད་རང་མེད་ན་ཕ་ཡུལ་ཟེར་བའང་ཐང་སྟོང་ཞིག་ལས་ཅི། ལས་དབང་ཞིག་གམ་སྟེས་དབང་ཞིག་གིས་ང་རང་སྦྲ་ནག་ཚང་ལ་སྐྱེས་ཤིང་། འབྲོག་སྦྲ་ནག་ལས་འཇིག་རྟེན་གྱི་མཛེས་སྡུག་མང་པོ་ཞིག་ལ་བློ་ཕྱོགས་པ་ཡིན། དེ་བས་སྦྲ་ནག་ནི་བོད་པ་ཚང་གི་དགྲ་བྱུང་ན་སྲོག་བསྡོས་ཀྱིས་བསྲུང་བྱ་དང་མགྲོན་ཡོང་ན་སྤྲོ་འཛུམ་གྱིས་བསུ་ས་ཡིན།

ཁྱེད་རང་ཡོད་པས། རི་ཁ་བའི་ལྗོངས་ཀྱི་སྤུན་ཟླ་ཚོར་སྐྱིད་པའི་ཕ་གཞིས་ཡོད།

ཁྱེད་རང་ཡོད་པས། ང་དང་ངའི་རྩེད་རོགས་མང་པོར་མཛེས་སྡུག་གི་ཕྱིར་དྲན་ཡོད།

ང་རང་ཆུང་ཆུང་བྱིས་པ་ཡིན་དུས། ཁྱེད་ཀྱི་དཀྱིལ་གཞུང་ནས་རེ་སྒུག་གི་སང་ཉིན་མང་པོ་ལ་སྟོང་འདང་བརྒྱབ་མྱོང་། ཁྱེད་ཀྱི་ཆོན་ཐག་ལ་དཔྱངས་ནས་མུ་མཐའ་བྲལ་བའི་ནམ་མཁའ་ལ་རྒྱང་ལྟ་བྱས་མྱོང་།

དེ་བས། ངས་ཐག་ཉེ་ནས་སེམས་པ་གླན་ས་དང་ཐག་རིང་ནས་རྣ་ཉན་བྱེད་ས་ཁྱེད་ཡིན། ང་ཡི་སྦྲ་ནག་ལགས། མདོར་ན་ཁྱེད་ནི་ང་ལ་ཡོད་པས་གཅིག་ཆོག་དང་མེད་ན་ཐབས་མེད་ཀྱང་ཡིན། ང་ཡི་སྦྲ་ནག་ལགས།

དགུ་གཉིས་འཛིན་གྲྭ།༼ ཚེ་རིང་བཟང་མོ། ༽