(པར་ངོས་དང་པོར་མཐུད།) ལིའུ་ཁྲེང་མིང་གིས་དམུ་རྡོ་རི་བོ་གྲོང་རྡལ་གྱི་ཉེན་སྐྱོབ་གནོད་སེལ་ལས་དོན་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ད་ཐེངས་ཀྱི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་འཐབ་འཛིང་གི་བཙན་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཉེན་མེད་ངང་གནས་སྤོ་བྱ་རྒྱུར་དུས་ཚོད་བརྩོན་ལེན་བྱས་པ་རེད། ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་བྱ་རྒྱུ་དེ་ཨང་དང་པོར་འཇོག་པའི་རྩ་དོན་གང་ལེགས་མཚོན་ཡོད་པ་རེད་ཅེས་གསུངས་པ་རེད། ཁོང་གིས་རིམ་ཁག་སྡེ་ཚན་ཁག་གིས་ལས་ཀའི་བྱེད་ཐབས་སྔར་བས་ཞིབ་ཕྲ་བཟོས་དགོས། ཉེན་སྐྱོབ་གནོད་སེལ་དང་མང་ཚོགས་བཀོད་སྒྲིག་ལས་ཀ་སོ་སོ་ཡག་པོ་བསྒྲུབས་ནས་གནོད་ཐེབས་མང་ཚོགས་ལ་བཟའ་རྒྱུ་ཡོད་པ་དང་གྱོན་གོས་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། སྡོད་གནས་ཉེན་ཁ་མེད་པ། སྨན་བཅོས་ཞབས་ཞུ་ཡོད་པ་བཅས་འགན་ལེན་ཏན་ཏིག་བྱ་དགོས། གནོད་ཐེབས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱ་དགོས། འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་ལས་ཀ་ཅི་མགྱོགས་གང་མགྱོགས་སྤེལ་ནས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱ་དགོས། ཉེན་མེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཉེན་སྐྱོབ་གནོད་སེལ་གྱི་ལས་ཀ་ཁག་དམ་འཛིན་ཏན་ཏིག་བྱས་ཏེ་ཞོར་ཐོན་གནོད་འཚེ་ཐོན་རྒྱུ་ནན་འགོག་བྱ་དགོས། གནོད་འཚེ་ཡིས་བཟོས་པའི་གྱོང་གུན་དམའ་རུ་གཏོང་གང་ཐུབ་བྱས་ཤིང་། གོང་རིམ་ལ་འབྲེལ་མཐུད་རེ་ཞུ་བྱས་ཏེ་གནོད་འཚེ་ཐེབས་ཚུལ་ཞིབ་བཤེར་ནན་པོ་བྱས་ཏེ་གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་འབྲེལ་ཡོད་ལས་དོན་སྔ་སྣུར་དུ་ཇུས་འགོད་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
དེའི་རྗེས་ལིའུ་ཁྲེང་མིང་གིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རོང་བྲག་རྫོང་དང་སྡེ་ཚན་ཁག་གི་ལས་ཀའི་གནས་ཚུལ་སྙན་སེང་ལ་གསན་པ་རེད། ཁོང་གིས་རོང་བྲག་རྫོང་དང་རིམ་པ་ཁག་གི་སྡེ་ཁག་སོ་སོས་ཕྱིན་ཆད་ཀྱི་ལས་ཀར་ཚང་བཤེར་ཆད་གསབ་དང་གཅིག་ཤེས་ཀུན་གྲོལ། ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་ནན་ཏན་བྱས་ནས་ལས་ཀ་ཁག་ཡག་མོ་བསྒྲུབས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། ་གཅིག་ནས་ཚན་རིག་དང་མཐུན་པ་ལྟ་ཞིབ་ཚད་ལེན་དང་ཞིབ་མོའི་བློ་ཡིས་ཞིབ་འཇུག་བརྡར་གཅོད་ཞིབ་ཚགས་བྱེད་པ་དང་། ཆར་ཆུ་དང་གནོད་འཚེ་བཅས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་དབྱེ་ཞིབ་བྱས་ནས་ཉེན་སྐྱོབ་གནོད་སེལ་གྱི་གནས་ཚུལ་ལ་ཁོང་དུ་ཆུད་དགོས།གཉིས་ནས་ཚེ་སྲོག་བླ་ན་མེད་པ་དང་མི་དམངས་བླ་ན་མེད་པའི་རྩ་དོན་དམ་པོར་བཟུང་ནས་འབྲེལ་བ་ཆད་པའི་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ཏེ་རྨས་མ་སྐྱོབ་བཅོས་དང་རྗེས་མ་བཀོད་སྒྲིག་ཐག་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་པ། གསུམ་ནས་ཉེན་སྐྱོབ་གནོད་སེལ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་རྒྱུ་དེ་མིག་སྔའི་ལས་འགན་ཨང་དང་པོར་བརྩིས་པ་དང་། ལྷག་པར་དུ་རོང་བྲག་རྫོང་གིས་གཙོ་གནད་ཀྱི་འགན་འཁྲི་ཡག་པོ་བསྒྲུབ་དགོས། ཁུལ་རིམ་པའི་སྡེ་ཚན་སོ་སོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ཉེན་སྐྱོབ་གནོད་སེལ་གྱི་ལས་དོན་ཁག་སྤེལ་དགོས། བཞི་ནས་ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ཏེ་གནོད་འཚེ་བྱུང་རྗེས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། དབུལ་པོ་བསྐྱར་ལོག་འགྲོ་བའི་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་བཙུགས་ནས་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ་གྱི་དམིགས་ཡུལ་བླང་བྱ་གཞིར་བཟུང་ནས་། ནུས་ཤུགས་ཡོད་རྒུས་མང་ཚོགས་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་གནོད་ཐེབས་མང་ཚོགས་གནོད་སྐྱོན་ཐེབས་རྗེས་དབུལ་པོར་མི་འགྱུར་བ་དང་བསྐྱར་དུ་དབུལ་པོར་མི་འགྱུར་བ་བྱ་དགོས། ལྔ་ནས་དུས་ཐོག་ཏུ་འགྲིམ་འགྲུལ་ཤར་བགྲོད་འགན་ལེན་དང་དངོས་ཟོག་སྐྱོབ་རོགས་ལས་ཀ་ལེགས་པར་བསྒྲུབ་པ་དང་། གློག་ཤུགས་དང་འཕྲིན་གཏོང་འགན་ལེན་ཡག་པོ་བྱས་ནས་མང་ཚོགས་ལ་བཟའ་རྒྱུ་ཡོད་པ་དང་། གྱོན་གོས་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། ཉེན་མེད་ཀྱི་སྡོད་གནས་ཡོད་པ། སྨན་བཅོས་ཞབས་ཞུ་ཡོད་པ་བཅས་འགན་ལེན་བྱ་དགོས། དྲུག་ནས་ཚན་རིག་དང་མཐུན་པར་ཞིབ་དཔྱད་ཚད་ལེན་བྱས་ནས་ཉེན་སྐྱོབ་གནོད་སེལ་ལ་ལག་རྩལ་གྱིས་འདེགས་སྐྱོར་བྱས་ནས་ཞོར་ཐོན་གནོད་འཚེ་ནན་འགོག་བྱ་དགོས། བདུན་ནས་དུས་ནམ་ཡང་ཉེན་སྐྱོབ་གནོད་སེལ་བྱེད་སའི་ནང་ཞུགས་རྒྱུའི་གྲ་སྒྲིག་བྱས་ནསཉམས་མྱོང་ཕྱོགས་སྡོམ་དང་བསླབ་བྱ་དང་ལེན་བྱས་ནས་གནོད་འཚེ་མ་བྱུང་གོང་ནས་སྔོན་འགོག་བྱ་དགོས། བརྒྱད་ནས་གླེང་ཕྱོགས་ཁྲིད་སྟོན་ཡང་དག་བྱེད་པ་དང་དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཐོན་དཔེ་མཚོན་སྔོག་འདོན་བྱས་ནས་དྲང་བདེན་ནུས་པ་ཆེན་པོ་གོང་བུར་གཅིག་ཏུ་སྒྲིལ་བ་བྱ་དགོས། དགུ་ནས་ཧུར་བརྩོན་ཆེན་པོས་གོང་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། ལས་ཀའི་སྦྲེལ་མཐུད་སྙན་ཞུར་ཤུགས་སྣོན་བརྒྱབ་སྟེ་ཉེན་སྐྱོབ་གནོད་སེལ་དང་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་ཀར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་དགོས།། (ལྷ་འཛོམས་ཀྱིས་བསྒྱུར།)
