国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག

མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་བྱེད་གང་ཐུབ་བྱ་དགོས་ཞེས་ཐུགས་རེ་གནང་།

སྤྱི་ཟླ6པའི་ཚེས30ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱིས་འབྲུབ་འགོག་གེགས་སེལ་ལས་ཀའི་སྐོར་གནང་བའི་མཆན་བཀོད་མཛུབ་སྟོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་སྤྱི་ཟླ6པའི་ཚེས29ཉིན་ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་ལས་ཀའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀ་སླར་ཡང་བཀོད་སྒྲིག་དང་ཡང་བསྐྱར་དོན་འཁྱོལ། ཡང་བསྐྱར་སྐུལ་འདེད་བཅས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཐེངས་འདིའི་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་ཡུལ་ཤོག་རིམ་པའི་བར་དུ་འཚོགས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་ད་ལོ་རང་ཁུལ་དུ་དྲག་ཆར་འབབ་སྔ་བ་དང་འབབ་མགྱོགས་པ། འབབ་ཤུགས་ཆེ་བ། རིམ་པ་མང་བ། གནོད་འཚེ་མང་བ། གནོད་འཚེ་ཚབས་ཆེན། འབྲུབ་འགོག་གེགས་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་དུས་བབ་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བ་དང་། ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་པོ་ཡིན་པར་བརྟེན། རིམ་པ་ཁག་དང་སྡེ་ཁག་སོ་སོས་བསམ་བློར་ངེས་པར་དུ་སླར་ཡང་མཐོང་ཆེན་བྱ་དགོས་པ་དང་། མིག་སྔའི་འབྲུབ་འགོག་གེགས་སེལ་གྱི་དུས་བབ་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་ཉེན་མེད་ཡོང་རྒྱུ་དེ་ཨང་དང་པོར་འཇོག་དགོས། བསམ་བློ་དང་བྱ་སྤྱོད་ཐོག་ནས་དམག་རྒྱག་ཁའི་རྣམ་པ་སྲུང་འཛིན་བྱ་དགོས། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་པར་མ་ཟད། ཕན་འབྲས་ཆེན་པོ་ཐོན་པ་བྱས་ཏེ།ཐབས་བརྒྱ་ཇུས་སྟོང་གིས་དམངས་ཚོགས་ཀྱི་གནོད་འཚེའི་གྱོང་གུན་ཆུང་དུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།﹙བདེ་སྐྱིད་ཀྱིས་བསྒྱུར།﹚