国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨ་ཅག་རིན་ཆེན།

ཆང་གི་བྲོ་རྩི།

སྙིང་ལ་རེག་ཏུ་མེད་ཅིང་།།

སེམས་ལ་སོན་དུ་དཀའ་བའི།།

བློ་ཡི་གཡུ་ཆུང་སྔོན་མོ།།

ཨ་ཅག་རིན་ཆེན་ཡིན་འདྲ།།

ལུས་འདི་སྒྱུ་མའི་གཟུགས་ལ།།

སྣང་བའི་མེ་ཏོག་བཞད་དེ།།

མི་ཚེར་ཟམ་པ་འཛུགས་དུས།།

འགྲོ་མཁན་ཁྱེད་རང་བསྒོམས་ཡོད།།

གསེར་གཞུང་ཁུགས་པའི་སྟོད་དུ།།

འོམ་ལུང་མེ་ཏོག་ཚོམས་སུ།།

ན་ཆུང་སེམས་ཀྱི་སྒོ་མོ།།

ཁྱེད་ཀྱིས་ཕྱེས་ན་བསམ་ཡོད།།

མཚན་ལ་རྒྱུ་སྐར་འཐུ་ཞོར།།

མུན་པའི་གཙང་བོ་སྐོར་དུས།།

དགུ་ཚིགས་བུ་མོ་འཛུམ་མེད།།

ཁྱེད་རང་ཡིན་ན་བསམ་བྱུང་།།

ན་ཚོད་ནད་ཀྱིས་ཟད་པ།།

ཆུ་དང་འོ་མའི་ངོ་སོ།།

སྟག་ཤར་སྙིང་གི་ཕྱེད་ཀ།

བུ་མོས་ཟོས་འདི་མཚར་རོ།།

སྨྲེང་བའི་ཕེབས་ལོག་དེ་གར།།

འགྱོད་གདུང་མིག་ཆུ་ཡོད་ཀྱང་།།

བ་ཁའི་དགུ་ཆུ་ལྟ་བུའི།།

ཆུ་དེར་འཕྲིན་པ་བསྐུར་ཆོག།

ལོ་དེ་ནམ་ཟླ་གང་རེད།།

འུ་གཉིས་འདྲེས་པ་ཨེ་གནང་།།

སེམས་ལ་ཡུ་མོ་གཤར་དུས།།

ཡིད་ལ་ཐོགས་པ་ཁྱེད་རེད།།

གཙང་ཆུ་ཤག་ཤག་བརྡོལ་བ།།

དྭངས་གཙང་འུ་གཉིས་བརྡ་རྟགས།།

ཆུ་ལ་ཟམ་པ་མེད་ན།།

འཕྲད་པའི་ལས་དེ་གང་རེད།།

ལན་མང་བསམ་དུ་མེད་ཅིང་།།

བསྐྱར་མང་བསྒྲུབ་ཏུ་དཀའ་བའི།།

ཨ་ཕོའི་དུང་སེམས་འོ་མ།།

ལན་གཅིག་བཞེས་རོགས་གནོངས་དང་།།

རབ་ཏུ་དཀར་བའི་སེམས་པ།།

ཁྱེད་ཀྱིས་ཕྱག་ཏུ་བླངས་ཆོག།

སྙིང་ཆུང་ལྷོག་ལྷོག་ལྡང་ན།།

ཆུ་ལ་འཕང་ཡང་ཆོག་གོ།།

༼ འཁོན་བུ་སྟག་རྒྱལ་ཚེ་རིང་། ༽