སྣང་བ་ཚོར་རླུང་གི་མགོ་ལྕོག་ངེས་མེད་ལྡེམ་པའི།།
ཡིད་ཀྱི་གྲུ་ཆུང་གི་སྙིང་རྩ་འཕར་ཙམ་བྱས་ཚེ།།
ཏིང་འཛིན་སྒོམ་ཆུང་གི་སྒྲོག་ཐག་ལྷོད་ཙམ་བྱས་ཏེ།།
དྲན་པའི་མེ་ལོང་ལ་ཚོར་བའི་གྲིབ་གཟུགས་ཕབ་འདོད།།
ཉི་མའི་ཕྱི་མིག་གིས་ཟུར་མདའ་རི་རྩེར་ཐེབས་པའི།།
ས་སྲོད་སྤྲིན་དཀར་གྱི་མིག་མཐར་དམར་མདངས་ཆགས་ཏེ།།
དགུང་སྔོན་མི་རྟག་གི་གཟིམ་དུང་དབང་མེད་འབུད་དུས།།
འཚོ་བ་མེ་ཏོག་གི་འདབ་མར་གཡོ་འགུལ་བྱུང་འདུག།
འཕྱོར་སྒེག་བྱེའུ་ཆུང་དེ་རི་ལ་བསྙེགས་པའི་ཤུལ་ན།།
རི་རྩེའི་ཟླ་བ་དེ་གཙང་བོར་ཞུགས་པའི་འགྲམ་ན།།
སྣང་བ་དར་ལྕོག་གི་སྨྲེང་གཞས་རྫ་ལ་འཐིམ་པའི།།
ཁེར་རྐྱང་རི་སུལ་གྱི་མགྲོན་པོ་ངེས་འབྱུང་སྐྱེས་འདུག།
དགའ་སྐྱོའི་ཚོར་རླུང་གི་ཡུ་མོ་ངེས་མེད་དེད་དེ།།
ཐ་སྙད་མེ་ཏོག་གི་མཛེས་སྡུག་སེམས་སུ་འཐུ་བའི།།
སྨྱུག་ཐོགས་ན་ཆུང་གི་ཡིག་འབྲུ་ང་རང་ཡིན་ན།།
སྣང་སྲིད་འཁོར་འདས་ཀྱི་མཛེས་སྡུག་ཁྱེད་ལ་སྟོན་ཆོག །
ཞོགས་པའི་ཉི་རྡུལ་གྱི་ཟིལ་བ་རི་རྩེར་ལྷུང་བའི།།
སྨིག་རྒྱུའི་དར་དཀར་གྱི་སྐེ་དཀྲིས་མགུལ་ལ་སྤྲས་པའི། །
ཕྱི་དབེན་ནང་དབེན་གྱི་མི་མེད་རི་སུལ་དེ་ན།།
ཟིན་མེད་ཟང་ཐལ་གྱི་བུ་ཆུང་ཆོས་ཀྱིས་བཟི་འདུག།
བདེ་སྡུག་རྨི་ལམ་གྱིས་བསླུས་པའི་འཁོར་བའི་གཙང་བོར།།
དལ་འབྱོར་མི་ལུས་ཀྱི་གྲུ་ཆུང་རྙེད་པ་བྱུང་དུས།།
ཚོགས་དྲུག་གྲུ་མཁན་གྱི་མགྲོན་པོར་འཁྲུལ་བ་མེད་ན། །
དྲང་སྲོང་དགའ་ཚལ་གྱི་རྒྱལ་སར་འཐོན་པར་ངེས་འདུག །
བརྩེ་ཆེན་རྒྱུད་སྐུད་ཀྱི་རོལ་དབྱངས་ལྷོད་མེད་འཁྲོལ་བའི།།
འཁོར་འདས་མཛེས་སྡུག་གི་ལང་ཚོའི་དཔལ་ཡོན་རྫོགས་པའི།།
མཚོ་བྱུང་བུ་མོ་ཡི་དབྱངས་རྟས་རམ་འདེགས་བྱུང་ན། །
ཡིད་འཕྲོག་འགྱུར་མེད་ཀྱི་གླུ་ཞིག་ཅི་དགར་ལེན་ནོ།།
མི་ཚེ་ཤིང་གྲུ་ཡི་སྣང་བའི་འདེགས་འཇོག་ཁྲོད་ནས།།
ཡིད་ཀྱི་ནམ་མཁའ་ལ་དགའ་སྐྱོའི་གཏམ་རྒྱུད་འཁོར་ཚེ།།
མི་རྟག་ན་ཆུང་གི་ལོ་ཟླའི་འདས་དོན་འཚོལ་བའི།།
སྣང་བའི་སྨྱུག་ལྕེ་ལས་རི་མོའི་མེ་ཏོག་བཞད་སོང་།།
༼ ཁམས་སྨྱུག་གསར། ༽
