国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱེ་ཁམས་མཛེས་སྡུག་དང་མི་སེར་ཕྱུག་འགྱུར་མཉམ་འཕེལ་བྱུང་།

རང་ཁུལ་གྱིས་རྒྱལ་ཡོངས་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་དངོས་བྲིས།

དབྱར་དུས་ཀྱི་དཀར་མཛེས་ས་ཆར་སྔོ་ལྗང་གི་རྣམ་པས་ཡོངས་སུ་ཁེངས་ཤིང་། ཉག་ཆུ་དང་འབྲི་ཆུ།རྒྱལ་རོང་རྒྱལ་མོའི་རྔུལ་ཆུ་སོགས་དྲག་ཏུ་རྒྱུག་བཞིན་མཆིས། ཚ་ཞིང་གདུང་བའི་ཉི་འོད་འོག་ཏུ་མེ་ཏོག་ཤུན་དབྱི་ཚའོ་ཡི་རྣམ་པ་མཛེས་ལ་རྒྱང་རིང་ཕྱོགས་ནས་བལྟས་ན་སྤྲིན་དཀར་ཕུང་པོ་འཁྲིགས་པའི་གཡའ་དག་གི་ཨ་སྔོན་འོག་ཏུ་གངས་དཀར་པོ་བརྗིད་ཆགས་བའི་ཉམས་འགྱུར་ལྷག་པར་མཛེས།

ཡངས་ཤིང་རྒྱ་ཆེ་བའི་དཀར་མཛེས་མཐོ་སྒང་དུ་རི་ཚོགས་མང་ཞིང་ནགས་ཚལ་སྟུག རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་། འདམ་རའི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད་པས་ཞིང་ཆེན་ཡོངས་ཀྱི་གདོད་མའི་ནགས་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་། ཁུལ་དེའི་ནང་མཐོ་གྲང་སྤང་ལྗོངས་འདམ་ར་དང་ཆུ་རྒྱུད། ནགས་རྒྱུད་འདམ་ར། མཚེའུའི་འདམ་ར་སོགས་འདམ་ར་ཆེ་གྲས་གསུམ་ཡོད།ཁུལ་ནང་ཁུལ་དུ་བསྐྲུན་ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲངས་འབོར་དང་རྒྱ་ཁྱོན་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རང་ཁུལ་གྱི་སི་ཁྲོན་ནུབ་བྱང་བཅས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་གནས་ཐིག་གཏན་ཁེལ་བྱས་པ་དེས་རང་ཁུལ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཁུལ་འཛུགས་པར་རྒྱབ་སྐྱོར་བྱས་པ་ཡིན་ཞེས་བཏོན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་རེད།

རྩི་ཤིང་འདེབས་འཛུགས་བྱས་ནས་བདེ་སྐྱིད་བསྐྲུན།

སྤྱི་ཟླ་དྲུག་པའི་གསེར་ཐར་ས་ཆར་རི་བོ་སྔོ་ཞིང་ཆུ་བོ་དྭངས།སྤང་ལ་མེ་ཏོག་བཞད་པའི་རྣམ་པ་མཛེས།

བདེ་སྡོད་སྡེ་ཁུལ་གྱི་གཞིས་མི་ནོར་བུ་དངོས་གྲུབ་ཀྱིས“རྫོང་ནགས་རྩྭ་ཅུས་ཀྱིས་བདེ་སྡོད་སྡེ་ཁུལ་གྱི་གཞིས་མིའི་མཐའ་སྐོར་དུ་མུའུ300སྔོ་འགྱུར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ང་འདི་ནར་ལས་ཀ་བྱེད་ཀྱིན་ཡོད།ཉིན་གཅིག་ལ་ཡོང་འབབ་སྒོར200ཡོད་པ་དང་ཟླ་བ་གཅིག་ལ་སྒོར6000ཙམ་རག་བྱུང་། ས་ཆ་གཞན་དུ་གླ་པ་རྒྱུག་པར་ཉིན་གཅིག་ལ་སྒོར100ལྷག་ལས་མི་འདུག་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། གསེར་ཐར་རྫོང་གིས“རི་ཐོག་ཤིང་འཛུགས་དང་ལམ་ཁར་མེ་ཏོག་འདེབས་པ། གཙང་པོ་མཚེའུ་རུ་བསྒྱུར་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ནས་མཐོ་སྒང་གི་གསོམ་སྡོང་གསོན་ཚད་བརྒྱ་ཆ85ཡན་ཆད་ལ་ཟིན་པ་དང་། “འབྲོག་ཁུལ་ལྗང་འགྱུར་དང་།འབྲོག་ལས་འཕར་སྣོན། འབྲོག་པའི་འབབ་འཕར”བཅས་ཀྱི་དམིགས་ཡུལ་ལ་དམིགས་ནས། དབུལ་ཐར་འགག་སྒྲོལ་གྱི་ནགས་སྐྱོང་ཆེད་ལས་མཉམ་ལས་ཁང་ལྔ་བཙུགས། ལོ་གསུམ་རིང་མཉམ་ལས་ཁང5ཡིས་ལས་གཞི11བསྐྲུན་པ་རེད། མ་དངུལ་སྒོར་ཁྲི8574བཏང་ནས་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི23.51ལེགས་སུ་གྲུབ་པ་རེད། 2018ལོར་མཉམ་ལས་ཁང4ལ་མང་ཚོགས་ཁྱོན་བསྡོམས340ཞུགས་ཡོད། ངལ་རྩོལ་ཡོང་འབབ་སྒོར་ཁྲི746.7ལ་ཟིན་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི2.19རག་ཡོད་པ་རེད།

“སྲིད་གཞུང་གིས་མ་དངུལ་བཏང་ནས་སྡོང་ཕྲུག་ཉོས་པ་དང་མང་ཚོགས་ཀྱིས་ནགས་བཟོ་བྱས་ནས་ཡོང་འབབ་གསོག་པ”ཞེས་དེ་དུད་ཚང་དབུལ་པོའི་ཁ་རྒྱུག་ཏུ་གྱུར་ཡོད། 2018ལོ་ནས་བཟུང་ཁུལ་ཡོངས་སུ་དབུལ་ཐར་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང152བཙུགས་པ་རེད། མང་ཚོགས་ཁྱོན་བསྡོམས6739མཉམ་ལས་ཁང་དུ་བསྡུ་ལེན་བྱས་པའི་ནང་ཡིག་ཚགས་བྱང་བུ་བཟོས་པའི་ཁོངས་མི་དབུལ་པོ5536ཡོད་པ་རེད། སྔོ་ལྗང་ནགས་སྐྱོང་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་བརྒྱུད་དེ་ནགས་བཟོའི་མཉམ་ལས་ཁང་ལ་གཟིགས་སྐྱོང་བྱས་ཡོད། 2018ནས2019ལོ་བར་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ནགས་བཟོའི་མཉམ་ལས་ཁང་གིས་ནགས་རྩྭ་འདུ་འགོད་ལས་གཞི105ལག་བསྟར་ནང་ཞུགས་པ་རེད། རིམ་རྩིས་བྱས་ན་ནགས་བཟོའི་ལས་འགན་མུའུ་ཁྲི31.95ཁུར་ཡོད། རིམ་རྩིས་བྱས་ན་ངལ་རྩོལ་ཡོང་འབབ་བསྡོམས་འབོར་སྒོར་ཁྲི4386.27རག་པ་དང་མི་རེར་ཆ་སྙོམས་ངལ་རྩོལ་ཡོང་འབབ་སྒོར7923རག་ཡོད་པ་རེད།

རང་ཁུལ་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་དང་“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་གྲུབ་ཆ་གལ་ཆེན་ཡིན་ཞིང་། ནགས་ཚལ་ཐོན་ཁུངས་ཀྱི་ཁུལ་ཆེན་པོ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁུལ་ཆེན་པོ། སྐྱེ་ཁམས་ཐོན་ཁུངས་ཀྱི་ཁུལ་ཆེན་པོ་བཅས་ཡིན་པ་རེད། རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱས་ནས་ལོ22རིང་།ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར97.61བཏང་ནས་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་འཛུགས་སྐྱོང་གི་ལས་འགན་ལེགས་གྲུབ་བྱས་པའི་ནགས་སའི་རྒྱ་ཁྱོན་མུའུ་ཁྲི10442.85ལ་ཟིན་ནས་མུའུ་ཁྲི1317.43འཕར་ཡོད། ནགས་ཚལ་གསོག་གྲངས་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར4.31ནས་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར4.84ཡི་ཐོག་འཕར་བ། ནགས་ཚལ་ཁེབས་ཚད་བརྒྱ་ཆ31.61ནས34.8ཀྱི་ཐོག་འཕར་ནས་ནགས་ཚལ་གྱི་རྒྱ་ཁྱོན་དང་། གསོག་ཚད། ཁྱབ་ཚད་བཅས་གསུམ་འཕར་བྱུང་ཡོད་པ་རེད།

སེར་ཤུལ་རྫོང་ལ་རང་བྱུང་རྩྭ་ར་མུའུ་ཁྲི3138.94ཡོད་པ་དེས་རྒྱ་ཁྱོན་ལས་བརྒྱ་ཆ85.28བཟུང་བ། དེས་ཁུལ་ཡོངས་ཀྱི་རྩྭ་ཐང་རྒྱ་ཁྱོན་གྱི་བརྒྱ་ཆ22.14དང་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་རྒྱ་ཁྱོན་ལས་བརྒྱ་ཆ10.03ལ་བཟུང་ཡོད། རྫོང་དེའི་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་བཅོས་སྒྲིག་བྱས་ཀྱང་ཕྱོགས་ཡོངས་ནས་ཕན་འབྲས་ཐོན་མེད་ཅིང་། ཨ་བྲའི་གནོད་འཚེ་ཚབས་ཆེན་ཕོག་པའི་དབང་གིས་རྩྭ་ཐང་མུའུ་ཁྲི639རྩྭ་འཇག་ཅིག་མི་སྐྱེ་པའི“ས་ནག་གྲམ་ཐང”དུ་གྱུར་ཡོད། ཁུལ་རྩྭ་ཐང་ཅུས་ཀྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་སེར་ཤུལ་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས་ལས་དོན་ལ་དམིགས་ནས་ཆེད་དོན་དུ“བྱ་སྤྱོད་ཆེན་པོ་དྲུག”བཟོས་ཏེ་ལས་གཞིའི་མ་དངུལ་དང་ལག་རྩལ་གཅིག་སྡུད་བྱས་ཡོད། ཨ་བྲའི་གནོད་འཚེ་བཅོས་སྐྱོང་གི་སྤྱི་ཡོངས་ཀྱི་དམག་འཐབ་མུ་མཐུད་དུ་བརྒྱབ་ཡོད་པ་རེད།

རང་ཁུལ་གྱིས2003ལོ་ནས་བཟུང་ལག་བསྟར་བྱས་པའི་འབྲོག་བསྐྱུར་རྩྭ་གསོའི་ལས་གྲྭ་དེ་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18དང་། ཡུལ་ཤོག325ཡི་ཞིང་འབྲོག་དུད་ཚང་ཁྲི20ཞིང་འབྲོག་མང་ཚོགས་ཁྲི90ལྷག་ཙམ་ལ་ཁྱབ་ཡོད། རྩྭ་ཐང་གི་ར་བསྐོར་མུའུ་ཁྲི8459འཛུགས་སྐྲུན་བྱས་པ་རེད། ཞན་འགྱུར་རྩྭ་ཐང་ལེགས་བཅོས(གསབ་འདེབས)མུའུ་ཁྲི2240.1དང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་མུའུ་ཁྲི56.8བཅས་བྱས་ཡོད། ཕྱུགས་ལྷས་ཁྲི1.562བསྐྲུན་པ་དང་།ས་ནག་གྲམ་ཐང་མུའུ་ཁྲི18.55དང་དུག་རྩྭ་མུའུ་ཁྲི10.7བཅོས་སྒྲིག་བྱས་ཡོད། རྩྭ་ཐང་གི་ཕྱུགས་བཀག་མུའུ་ཁྲི4500དང་རྩྭ་ཕྱུགས་དོ་སྙོམས་མུའུ་ཁྲི7963བྱས་ཡོད་པ་རེད། 2000ལོ་ནས་ད་བར། རང་ཁུལ་གྱིས“ཕྱོགས་བསྡུས་བཅོས་སྐྱོང་རྣམ་པའི”སྐྱེ་དངོས་ལག་རྩལ་སྤྱད་དེ་རིམ་རྩིས་བྱས་ན་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་ཐེངས་ཁྲི8335དང་རྩྭ་ཐང་གི་འབུའི་གནོད་འཚེ་མུའུ་ཁྲི3371འགོག་བཅོས་བྱས་ཡོད་པ་རེད།

ན་ནིང་རང་ཁུལ་གྱིས་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་ལས་གཞི་གསར་དུ་ལག་ལེན་བསྟར་ནས2019ནས2020ལོའི་བར་ཞན་འགྱུར་རྩྭ་ར་མུའུ་ཁྲི29.88བཅོས་སྐྱོང་དང་། རང་བྱུང་རྩྭ་ཐང་མུའུ་ཁྲི144.6 ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས་མུའུ་ཁྲི225 ལྟ་ཞིབ་ཚད་ལེན་ས་ཚུགས7ལྟ་ཞིབ་ཚད་ལེན་བྱ་ཡུལ34བཅས་བསྐྲུན་ཡོད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་ལོ་རེ་བཞིན་འཕར་ནས2019ལོའི་ལོ་མཇུག་ཏུ་སླེབས་སྐབས་བརྒྱ་ཆ83.9ལ་ཟིན་པ་དང་། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་རྩྭ་ཐང་ཞན་འགྱུར་རྒྱ་ཁྱོན་མུའུ་ཁྲི592ཉུང་དུ་བཏང་ཡོད་པ་རེད།

རང་ཁུལ་གྱི་རྩྭ་ལས་ཚན་རྩལ་གྲུབ་འབྲས་ལ་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ10དང་ཞིང་ཆེན་དང་ཁུལ་ཡི་བྱ་དགའ25ཐོབ་ཡོད།གྲུབ་འབྲས30ལྷག་ཙམ་རང་ཁུལ་གྱི་དངོས་ཡོད་ཐོན་སྐྱེད་ཁྲོད་བེད་སྤྱོད་དང་ཁྱབ་གདལ་བཏང་བ་རེད།།

ལྗང་མདོག་སྲུང་སྐྱོང་བྱས་ནས་འབྱུང་འགྱུར་སྐྱོང་།

དར་མདོ་གྲོང་ཁྱེར་ཕོག་ཐག་ཡུལ་ཤོག་གསར་དར་གྲོང་སྡེའི་ལིའུ་ཀྲུང་ཁང་གིས་གསར་འགོད་པར་ངེད་ཉིན་ལྟར་ནགས་ཚལ་དུ་སྐོར་སྲུང་བྱེད་པར་འགྲོ་གི་ཡོད“ངས་བདག་སྐྱོང་བྱེད་པའི་རྒྱལ་དབང་ནགས་ཚལ་མུའུ་ཁྲི3ཙམ་ཟིན་གྱི་ཡོད། རྒྱལ་ཁབ་ཀྱིས་ང་ལ་ཟླ་རེར་གླ་ཕོགས་སྒོར1800སྤྲོད་བཞིན་ཡོད་པས་ངས་བྱ་བ་འདི་ཡག་པོ་སྒྲུབ་ཀྱིན་ཡོད་ཅེས་བཤད། ད་སྔར། དར་མདོ་གྲོང་ཁྱེར་གྱིས་རུ་མི600ཙམ་ལས་གྲུབ་པའི་སྐོར་སྲུང་དཔུང་སྡེ་ཞིག་བཙུགས་ནས་ཟླ་རེར་གླ་ཆ་སྒོར500ནས1800བར་སྤྲོད་ཀྱི་ཡོད།

རོང་བྲག་རྫོང་དཔལ་དབང་ཡུལ་ཤོག་ཝ་གསོ་གྲོང་སྡེའི་ཡིག་ཚགས་བྱང་བུ་བཟོས་པའི་གཞིས་མི་རྡོ་རྗེ་ཚེ་རིང་གིས་ངའི་ཁྱིམ་ལ་རྨོ་བསྐྱུར་ནགས་གསོའི་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་སྒོར620དང་ཐུན་མོང་སྤྱི་ཕན་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་མ་དངུལ་སྒོར2702.75རྩྭ་ཐང་སྐྱེ་ཁམས་བྱ་དགའི་ཁ་གསབ་མ་དངུལ་སྒོར806.2བཅས་རག་བྱུང་།

“ང་ད་ལྟ་གྲོང་སྡེའི་སྐྱེ་ཁམས་ནགས་སྲུང་པ་བྱེད་བཞིན་ཡོད།ལོ་ལྟར་ནགས་སྲུང་གླ་ཕོགས་སྒོར5960ཡོད་པ་དེས་ངའི་ཁྱིམ་ལ་རོགས་རམ་ཆེན་པོ་འཐོབ་ཀྱིན་ཡོད། “ཨ་བུ་ནི་ཉག་ཆུ་རྫོང་བ་ཀོ་ལུང་ཡུལ་ཤོག་ཕག་མོ་གླིང་གྲོང་སྡེའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། སྐྱེ་ཁམས་ནགས་སྲུང་པའི་སྤྱི་ཕན་ལས་གནས་ཀྱི་ཡོང་འབབ་ཡོད་པས་ཁོའི་ཁྱིམ་གྱི་དབུལ་ཞྭ་ཕུད་ནས་དབུལ་ཐར་ཐུབ་ཡོད།

ད་སྔར།ཁུལ་ཡོངས་ཀྱི་མང་ཚོགས་དབུལ་པོ21872སྐྱེ་ཁམས་ནགས་སྲུང་(རྩྭ་)བར་བདམས་ནས་སྐྱེ་ཁམས་ནགས་སྲུང་(རྩྭ་)ལས་མིའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.29དོན་འཁྱོལ་བྱས་པ་རེད། 2016ནས2019ལོ་བར། རིམ་རྩིས་བྱས་ན་ཡིག་ཚགས་བྱང་བུ་བཟོས་པའི་མང་ཚོགས་དབུལ་པོ་མི་ཐེངས་ཁྲི3.705སྐྱེ་ཁམས་ནགས་སྲུང་པར་བདམས་ནས་ངལ་རྩོལ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.1སྤྲད་ཡོད། ལས་ཞུགས་ཡོང་འབབ་ལོ་རེར་མི་རེར་སྒོར5700ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

2017ལོར། རང་ཁུལ་གྱིས་ལོ་རྒྱུས་ཐོག་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ནན་ཤོས་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་སྟེ། 《བྱེད་ཐབས་བཅུ་དྲུག་ལག་བསྟར་ནན་པོ་བྱས་ནས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ནས་ནགས་ཚལ་ཐོན་ཁུངས་དྲྭ་མིག་ཅན་གྱི་དོ་དམ་ལག་བསྟར་བྱས་པ་རེད། ནགས་ཚལ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་ནས་མེ་གསོད་ནུས་པ་འཛུགས་སྐྱོང་དང་། རི་སྐྱེ་སྲོག་ཆགས་སྲུང་སྐྱོང་། རི་སྐྱེ་སྲོག་ཆགས་དང་རྩི་ཤིང་གི་རིམས་འགོག་ལས་དོན་བཅས་ལ་ཤུགས་སྣོན་བརྒྱབ་པས་ནགས་ཚལ་ཐོན་ཁུངས་ཀྱི་གྲངས་འབོར་དང་སྤུས་ཚད་བརྟན་པོའི་ངང་འཕར་ཡོད་པ་རེད།

“གཅིག་གཉིས་བཞི་བདུན་བཅུའི”བཀོད་སྒྲིག་གི་བླང་བྱ་ལྟར། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་མགྱོགས་མྱུར་སྤེལ་ཡོད། “7+11”གི་བྱེད་སྟངས་ལྟར། རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་ཆེད་ལས་མེ་གསོད་དཔུང་སྡེ18རྒྱུན་ཆད་མེད་པར་སྟོབས་ལྡན་དུ་བསྒྱུར་བ་དང་། རྒྱུན་ཆད་མེད་པར་རི་སྐོར་ནགས་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་རྒྱུ་ནན་འགོག་བྱས་ནས་གཙོ་གནད་ནགས་ཁུལ་གྱི་ནགས་སྲུང་དྲྭ་མིག8031དབྱེ་འབྱེད་གཏན་འཁེལ་བྱས་པ་དང་གནས་སྐབས་ཞིབ་བཤེར་ས་ཚུགས388བཙུགས་ཡོད། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དེ་དབུལ་ཐར་འགག་སྒྲོལ་དང་། གྲོང་སྡེ་དར་རྒྱས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་སོགས་དང་ཟུང་འབྲེལ་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་སྡེའི་སྒོ་ར་སྔོ་ལྗང་ཅན་དུ་འགྱུར་བ་དང་། འདམ་རའི་སྔོ་ཁེབས་སླར་གསོ་བཅས་བྱས་པ་རེད། དར་མདོ་གྲོང་ཁྱེར་རྔ་ཁར་ནུབ་རྒྱུད་ཀྱི་མུ་ཁྲིའི་མེ་ཏོག་རྒྱ་མཚོ་དང་ ལི་ཐང་རྫོང་ཚོ་གསུམ་ཡུལ་ཤོག་ལྷ་མགོའི་མེ་ཏོག་རྒྱ་མཚོ་བསྐྲུན། བྲག་མགོ་སོགས་རྫོང3གྱི“ཁམ་བུའི་མེ་ཏོག་གྲོང་སྡེ་བཅས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད་ལ། རྟའུ་རྫོང་དུ་བསྐྲུན་པའི་ཁམས་པའི་མཐོ་སྒང་གི་རྩི་ཤིང་ལྡུམ་རར་ད་ལོ་ངོ་མཚར་ལྡན་པའི་ངང་སྟོན་རྒྱུ་རེད། ནགས་ཚལ་གླིང་ག་དང་འདམ་རའི་གླིང་ག། རང་བྱུང་སྲུང་སྐྱོང་ཁུལ་སོགས་ཐུན་མོང་མ་ཡིན་པའི་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ནགས་ཚལ་ཁམས་གསོ་དང་ནགས་ཚལ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་ཆུང་ངུ6དང་། ཞིང་ཆེན་རིམ་པའི་རང་བྱུང་སློབ་གསོའི་རྟེན་གཞི5ལུས་གསོའི་རྟེན་གཞི4ནགས་ཚལ་ཁམས་གསོའི་དུད་ཚང28སྐར་བཞི་རིམ་པའི་ནགས་ཚལ་དུད་ཚང28བཅས་ལ་ཆོག་མཆན་ཐོབ་པ་རེད། དུང་དཀར་ལུང་པ་དེ་ཁུལ་ནང་གི་རྒྱལ་ཁབ་རིམ་པའི་ནགས་ཚལ་ལུས་གསོའི་རྟེན་གཞི་དང་པོར་གྱུར་ཡོད།

རང་ཁུལ་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས98(རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་བྱ་བའི་རི་སྐྱེས་སྲོག་ཆགས་རིགས23དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་བྱ་བའི་རི་སྐྱེས་སྲོག་ཆགས་རིགས75ཡོད། ) ཞིང་ཆེན་རིམ་པའི་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས32ཡོད། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རྩི་ཤིང་རིགས9དང་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་རིགས18ཡོད། རང་ཁུལ་གྱིུས་ཕྱོགས་ཡོངས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་“ཁྲིམས་འགལ་ངང་བཟའ་བྱའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཉོ་ཚོང་བྱེད་རིགས་གཏན་འགོག་བྱ་རྒྱུའི་”ཆོད་དོན་ལག་བསྟར་དོན་འཁྱོལ་བྱས་ནས་གསོ་སྤེལ་འཁྲོལ་འཛིན5ཕྱིར་བསྡུས་ཏེ། ཁྲིམས་འགལ་གྱིས་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་ས1ཁྲིམས་ལྟར་མེད་པར་བཟོས་ཡོད། ད་ཆ་ཁྲིམས་ལྟར་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་གྱུར་ཡོད།། (ཀུན་དགས་བསྒྱུར། )