国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྲོང་ ཁྱེར་ གྱི་ ཁ་ བ།

རྩྭ་ཐང་གི་ཨ་ཅེ། གྲོང་ཁྱེར་དང་གྱེས་རྗེས།

གྲོང་ཁྱེར་དུ་ཁ་བ་བབས་བྱུང་།

ལམ་བཞི་མདོའི་ཕྱོགས་སྟོན་བྱང་བུའི་ངོས།

ཁེར་ཧྲེང་དུ་འབུར་ཚུགས་ཅེར་ནའང་།

ཨ་ཅེའི་རྩྭ་ཐང་ནི་འཚོལ་ཐབས་བྲལ།

རྨི་ལམ་ཐེངས་ཤིག་གི་སྒྱུ་འཕྲུལ་ལས།

གྲོང་ཁྱེར་དུ་རྟ་ཕོ་ཞིག་འོངས།

རྟ་ཕོའི་རྨིག་རྗེས་སུ་ཁ་བ་བབས་བྱུང་།

གྲོང་ཁྱེར་ནི་ཧ་ཅང་ཆུང་། ཧ་ཅང་ཆུང་།

ཆུང་དྲགས་པས། ཆང་ཕོར་པ་གང་ཡང་ཤོང་མི་ཐུབ།

ཆུང་དྲགས་པས། ཁ་བའི་བརྩེ་དུང་གི་རང་མདངས་

ཤོང་མི་ཐུབ།

ཆུང་དྲགས་པས། བྱམས་པའི་སྤྱན་མིག་ཨེན་ཙམ་

ཡང་ཤོང་མི་ཐུབ།

ཆུང་དྲགས་པས། སྙན་ངག་གི་མཚན་མོ་ཡང་ཤོང་མི་ཐུབ།

རྩྭ་ཐང་གི་ཨ་ཅེ། གྲོང་ཁྱེར་དང་གྱེས་རྗེས།

གྲོང་ཁྱེར་དུ་ཁ་བ་བབས་བྱུང་།

གྲོང་ཁྱེར་ནི་རྩྭ་ཐང་གི་དུར་ཁྲོད་ཆུང་ངུ་ཞིག

དུར་ཁྲོད་ཀྱི་བར་སྣང་དུ་གླག་རྒོད་ཀྱི་གྲིབ་ཟུར་ཙམ་

ཡང་མི་འདུག

འོན་ཏེ། རྟ་ཕོའི་རྨིག་རྗེས་སུ་གླག་རྒོད་ཀྱི་མིག་ཆུ་འདུག་གོ

༼ གངས་འཁྱམ་གསར་བུ། ༽