国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།

སྤྱི་ཟླ7པའི་ཚེས14ཉིན་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་ཁུལ་གྱི་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཚོད་ལྟ་བྱེད་གནས་ཀྱི་ལས་ཀར་སྐུལ་འདེད་ཏན་ཏིག་གཏོང་ཆེད། རང་ཁུལ་གྱིས་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་འདུ་གཙོ་འགན་བཞེས་པས་མ་ཚད་གསུང་བཤད་ཀྱང་གནང་བ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧང་ཧྥུང་ཀུའེ་བཅས་ཚོགས་འདུའི་ནང་ཞུགས་པ་རེད།

གྲོས་ཚོགས་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱསཔ་དང་། ཁུལ་ཡོངས་ཀྱི་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་སྔོན་འགྲོ་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པར་ཉན་འཇོག་བྱས་པར་མ་ཟད།ད་དུང་སླད་ཕྱིན་གྱི་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏང་རྒྱུའི་སྤྱི་ཡོངས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་གཏང་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྩ་བ་དེར་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱས་ནས་སྤྱི་ཚོགས་བརྟན་བརླིང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱ་དགོས། ནུས་ཤུགས་ཡོད་རྒུས་མེ་མདའ་དང་འབར་རྫས་གཙང་སེལ་བྱས་ཏེ་གྲོང་ཁོངས་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གསར་དུ་བསྐྲུན་དགོས། སྤྱི་པའི་ཞབས་ཞུའི་ལས་དོན་ཁག་ཞིབ་ཚགས་དང་ཡག་པོ་ཏན་ཏིག་བསྒྲུབས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་སྤུས་ལེགས་ཤིང་ནུས་ཆེའི་ཞབས་ཞུ་མཁོ་འདོན་བྱ་དགོས། ཏང་གིས་ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་གང་ཅིའི་ཐད་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྲིག་སྲོལ་གྱི་དགེ་མཚན་དེ་དེང་རབས་ཅན་གྱི་བཅོས་སྐྱོང་ཕན་ནུས་སུ་སྔར་ལས་ལྷག་པར་འགྱུར་བར་སྐུལ་འདེད་གཏང་དགོས། གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་སྨྱན་སྦྱོར་གང་ལེགས་སྤྱད་དེ་ཁྱོན་ཡོངས་སུ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་ཁོར་ཡུག་དང་རྣམ་པ་ཡག་མོ་ཞིག་ཆགས་སུ་བཅུག་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཇེ་དྲག་བཏང་ནས་ལས་ཀའི་སྒྲོམ་གཞི་མཐུན་སྦྱོར་བྱེད་པ་དང་ལྟ་སྐུལ་ཁྲིད་སྟོན་དང་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་དགོས།

འབྲེལ་ཡོད་ཀྱི་ཁུལ་རིམ་པའི་འགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

(ལྷ་འཛོམས་ཀྱིས་བསྒྱུར།)